དབུས་རྒྱུན་ཚོགས་ཆེན་སྐབས་བརྒྱད་པའི་གསལ་བརྡ།
༄༅། །བོད་བརྒྱུད་རྒྱལ་བསྟན་སྤྱི་ལ་དད་མོས་དང་དམ་ཚིག་ཟབ་པའི་རྒྱལ་ཕྱི་ནང་གར་སར་བཞུགས་པའི་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ། ཆེད་དུ་ཞུ་གསོལ། རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་འདི་ཉིད་དབུ་བརྙེས་ནས་ལོ་ངོ་བརྒྱད་ཙམ་ཟིན་ཅིང་ལོ་ལྟར་དབུས་རྒྱུན་ཚོགས་ཆེན་ཐེངས་རེ་ཆད་མེད་དུ་འཚོགས་མུས་ལྟར། འདི་ལོའི་དབུས་རྒྱུན་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཨ་རི་བྷོ་སི་ཊོན་གྱི་མངའ་ཁོངས་སུ་ཡོད་པའི་དགེ་བཤེས་ངག་དབང་འཕྲིན་ལས་ཀྱི་ཆོས་ཚོགས་སུ་ཕྱི་ལོ་༢༠༡༨ ཕྱི་ཟླ་༧་ཕྱི་ཚེས་༤ དང་༥ བཅས་ཉིན་གཉིས་རིང་འཚོགས་གཏན་ཁེལ་བས་རིས་མེད་ལ་དུང་ཞིང་ལྷག་སེམས་དཀར་བའི་མཁྱེན་ལྡན་པ་རྣམ་པ་དང་མི་མང་དཀྱུས་མ་རིགས་སུ་ཞིག་ཚོགས་བཅར་དུ་ཕེབས་འདུན་ཡོད་ནའང་དགའ་བསུ་ཡོད་ཅིང་། ཚོགས་ཞུགས་པ་རྣམ་པས་སྔར་ཙམ་ནས་གཤམ་གྱི་འབྲེལ་མཐུད་ཁ་བྱང་ཐོག་ཏུ་འབྲེལ་བ་གནང་རོགས་ཞུ། དབུས་རྒྱུན་ཚོགས་ཆེན་སྐབས་བརྒྱད་པའི་འཚོགས་འཆར་བགྲོ་གླེང་གི་བརྗོད་གཞི་ཁག ༡༽ ཆོས་བརྒྱུད་ཕན་ཚུན་མཐུན་སྒྲིལ་དམ་ཟབ་ཡོང་ཕྱིར་ས་གནས་ས་ཁུལ་སོ་སོར་ཆོས་ཚོགས་ཁག་མཉམ་འཛོམས་གནང་སྟེ་རིས་མེད་ལྟ་གྲུབ་བགྲོ་གླེང་དང་ཉམ་མྱོང་བསྡུ་ལེན། སྙིང་གཏམ་ཤོད་རེས་སོགས་གནང་རྒྱུ། ༢༽ སྔར་ལས་དྲིལ་སྒྲག་ཚགས་ཚུད་དང་ཤུགས་ཆེ་རུ་གཏང་རྒྱུ། ༣༽ མ་འོང་རྒྱུན་ལས་ཚོགས་ཆེན་འཚོགས་ཡུལ་དང་འཚོགས་དུས་གཏན་ཁེལ་གནང་རྒྱུ། ༤༽ ས་གནས་ཡན་ལག་ཚོགས་པ་གསར་འཛུག་གནང་རྒྱུ། ༥༽ རིས་མེད་ཀྱི་དགེ་མཚན་གླེང་རྒྱུ། ༦༽ རྒྱུན་ལས་སྐབས་གོང་མ་དང་ལོ་སྔ་མར་དག་ཏུ་ལས་འཇུག་ལུས་བསྡད་པ་དང་ལག་བསྟར་མ་བྱས་པ་དག་འགོ་འཛུག་དང་རྒྱུན་སྐྱོང་གནང་རྒྱུ། ༧༽ ཆོས་བརྒྱུད་ཕན་ཚུན་བར་མཚན་སྨད་ཞུ་མཁན་དག་ལ་ཆོས་བརྒྱུད་ཁོང་སོ་སོ་ནས་འགན་ཁུར་ཏེ་དེ་ཚོར་གསལ་བཤད་གོ་བཀོན་གྱིས་དེ་རིགས་མི་ཡོང་བའི་ཐབས་ཤེས་གནང་རྒྱུ། ༨༽ རིས་མེད་ཆོས་བརྒྱུད་ཕན་ཚུན་བར་མཐུན་ལམ་ཇི་ལྟར་ཡར་རྒྱས་གཏང་ཕྱོགས་སྐོར། དབུས་རྒྱུན་ཚོགས་ཆེན་ཐེངས་བརྒྱད་པའི་འཚོགས་ཡུལ་ཨ་རི་བྷོ་སི་ཊོན་ཀུ་རུ་ཀུ་ལ་བོད་བརྒྱུད་ནང་བསྟན་ཆོས་ཚོགས།