སྤྲུལ་སྐུ་ཐུབ་བསྟན་ཉི་མར་བཅར་འདྲི།
ཐེངས། 118005 བཀླགས་འདུག
དྲི་བ་དང་པོ། གནའ་སྔ་མོའི་སྔ་འགྱུར་བའི་བླ་མ་རྣམ་པའི་ཁྲོད་དུ་རིས་མེད་ཆོས་བརྒྱུད་ཉམས་ལེན་གནང་མཁན་དེ་འདྲ་ལོ་རྒྱུས་ནང་བྱུང་ཡོད་དམ།
ལན། རྙིང་མ་པའི་སྔོན་གྱི་སྐྱེས་ཆེན་མང་པོ་ཞིག་གིས་རང་ལུགས་གཙང་མ་མ་དོར་བའི་སྒོ་ནས་གྲུབ་མཐའ་གཞན་གྱི་བླ་མ་བསྟེན་ནས། དེ་དག་གི་གདམས་པ་དང་ཟབ་ཆོས་ཉམས་ལེན་མཛད་ཡོད། དཔེར་ན། རྙིང་མའི་ཕ་རྒན་ལྟ་བུར་བཀུར་བའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ཀརྨ་པ་རང་བྱུང་རྡོ་རྗེས་གཙོས་ཆོས་བརྒྱུད་གཞན་གྱི་སྐྱེས་ཆེན་མི་ཉུང་བའི་མདུན་ནས་མདོ་སྔགས་གཉིས་ཀྱི་ཆོས་ཞུས་ཤིང་། ལམ་འབྲས་སོགས་ལ་གསན་བསམ་གནང་། ཕྱིས་སུ་ཁམས་ཕྱོགས་ནས་ས་དགེ་བཀའ་རྙིང་གི་བསྟན་འཛིན་མང་བོ་ཞིག་གིས་གཅིག་གིས་གཅིག་གི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུ་སྲོལ་རྒྱ་ཆེར་དར། རྫ་དཔལ་སྤྲུལ་རིན་པོ་ཆེ་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་རྣམས་ཀྱི་རྣམ་ཐར་ལ་གཟིགས་ན་ཤེས་གསལ་ཞིབ་མོ་འོང་།
སྐབས་འདིར་གང་ཟག་གཅིག་གིས་རིས་མེད་མཛད་ཚུལ་ནི་རང་ཉིད་ཀྱིས་སྒེར་གྱི་གྲུབ་མཐའ་གཙོ་བོར་ཉམས་སུ་ལེན་བཞིན་དུ། ཆོས་བརྒྱུད་གཞན་གྱི་བླ་མ་བསྟེན་ནས་དེ་དག་གི་ཆོས་ལ་གསན་བསམ་བྱེད་པ་ཞིག་ལ་གོ །གཞན་སླེ་ལུང་བཞད་པའི་རྡོ་རྗེ་དང་། ཕྱིས་ཀྱི་ཁུ་ནུ་བླ་མ་བསྟན་འཛིན་རྒྱལམ་མཚན་རྣམས་ཀྱིས་གསར་རྙིང་གི་ཆོས་འདྲ་མཉམ་དུ་ཉམས་བཞེས་གནང་བས། ཁོང་རྣམས་མཐའ་གཅིག་ཏུ་ཆོས་བརྒྱུད་འདིའི་ཁོངས་སུ་གཏོགས་ཞེས་ཁ་ཚོན་གཅོད་དཀའ། རྙིང་མའི་བླ་མ་གོང་མ་རྣམས་ཀྱིས་གྲུབ་མཐའ་ཡོངས་ལ་དག་སྣང་སྦྱོང་ཞིང་། ཆོས་ལུགས་རིས་མེད་ལ་ཐོས་བསམ་བྱེད་དགོས་ཚུལ་ཡང་དང་ཡང་དུ་གདམས་ཡོད་པས་རིས་མེད་གནང་མཁན་ཚོར་རྙིང་མའི་སྤྱི་ཚོགས་ནང་དུ་ལྟ་ཚུལ་ཡག་པོ་ཐོབ། འོན་ཀྱང་རང་ལུགས་ལ་བསླད་སྣ་ཚོགས་ཞུགས་པར་དོགས་ནས་རིས་མེད་པ་ཚོར་དགག་པ་གནང་མཁན་ཡང་དུ་མ་བྱུང་།
དྲི་བ་གཉིས་པ། ནང་ཆོས་ཉམས་ལེན་པ་ཞིག་གིས་རྙིང་མའི་རྫོགས་ཆེན་དང་བོན་པོའི་རྫོགས་ཆེན་གཉིས་ཟུང་འབྲེལ་དུ་ཉམས་ལེན་བྱེད་ཐུབ་བམ།
ལན། བོན་ལ་རྫོགས་ཆེན་གཅིག་པུར་མ་ཟད། དབུ་ཚད་ཕར་ཕྱིན་མངོན་པ་དང་། རྒྱུད་སྡེ་གོང་འོག་གི་གྲུབ་མཐའ་ཆ་ཚང་ཕུན་སུམ་ཚོགས་པ་རང་རྐྱ་ཐུབ་པ་ཞིག་ཡོད་ལ། དེ་བཞིན་བན་ཕྱོགས་ཀྱི་ཆོས་བརྒྱུད་ཚོ་ལ་དམ་པ་གོང་མ་དག་ལས་བརྒྱུད་པའི་མདོ་སྔགས་གཉིས་ཀའི་ཐད་ནས་གཞི་ལམ་འབྲས་བུའི་རྣམ་གཞག་ཆ་ཚང་ཕུན་ཚོགས་པ་རང་རྐྱ་ཐུབ་པ་རེ་ཡོད། རྙིང་ལུགས་ཀྱི་རྫོགས་ཆེན་ནི་དགའ་རབ་རྡོ་རྗེ་དང་ཤྲི་སིངྷ་སོགས་ལས་བརྒྱུད་ཅིང་། བོད་དུ་གུ་རུ་རིན་པོ་ཆེ་དང་། བི་མ་ལ་མི་ཏྲ། བཻ་རོ་ཙ་ན་སོགས་རྒྱ་བོད་ཀྱི་ལོ་པཎ་གྲུབ་ཐོབ་རྣམས་ཀྱིས་དར་བར་མཛད། མན་ངག་གི་རྒྱུད་བཅུ་བདུན་སོགས་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཕྱི་མོ་རྣམས་དང་། བོད་རང་གི་མཁས་གྲུབ་ཆེན་པོ་རྒྱལ་བ་ཀློང་ཆེན་པ་སོགས་ཀྱིས་མཛད་པའི་གཞུང་དང་། རིག་འཛིན་རྒོད་ལྡེམ་སོགས་ཀྱིས་གཏེར་ནས་སྤྱན་དྲངས་པའི་རྫོགས་ཆེན་གྱི་ཆོས་སྐོར་གྲངས་ཀྱིས་མི་ལང་བ་ད་ལྟ་མངོན་སུམ་དུ་བཞུགས།
སྤྱིར་ང་ཚོ་བོད་པ་ཚོས་གཡུང་དྲུང་བོན་གྱི་ཆོས་དང་བོན་གྱི་བསྟན་འཛིན་སྐྱེས་བུ་རྣམས་ལ་ངེས་པར་དུ་དག་སྣང་སྦྱང་དགོས། གོང་ས་སྐྱབས་མགོན་ཆེན་པོའི་ཞལ་ནས། ད་ལྟའི་བོན་དང་བན་ཆོས་གཉིས་ངོ་བོ་ཐ་མི་དད་པ་ལྟར་དུ་གྱུར་ཡོད་པས་བོན་ལ་དད་གུས་བྱེད་དགོས་ཞེས་དངོས་སུ་གསུངས་པ་ཀུན་གྱིས་ཐུགས་ལ་འཛིན་རོགས། བོད་རང་ས་ནས་བརྡོལ་བའི་གདོད་བོན་དང་། ཞང་ཞུང་ནས་ཚུར་དར་བའི་གཡུང་དྲུང་བོན་གཉིས་བརྒྱུད་རིམ་དང་ངོ་བོ་གང་ཐད་ནས་ཕན་ཚུན་མི་འདྲ་ཞིང་། དེང་སང་བོད་དུ་དར་བའི་བོན་ནི་གཡུང་དྲུང་བོན་ཏེ་སྟོན་པ་གཤེན་རབ་ཆེན་པོས་སྲོལ་འབྱེད་མཛད་པའི་བསྟན་པ་དེ་ཡིན། བན་དེ་ཀུན་གྱིས་ཚད་མར་འཛིན་པ་བཀའ་ཆེམས་བཀའ་ཁོལ་མ་ལས་སྟོན་པ་གཤེན་རབ་མཆོག་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་གསུངས།
དྲི་བ་གསུམ་པ། རྙིང་མའི་བླ་མའི་གསུང་དེབ་གང་ཞིག་བཀླགས་ན་རིས་མེད་ཆོས་བརྒྱུད་ལ་དག་སྣང་འཕེལ་ཐུབ་བམ།
ལན། སྔ་འགྱུར་རྙིང་མའི་མཁས་གྲུབ་མང་བོ་ཞིག་ནི་གྲུབ་མཐའི་ཆགས་སྡང་གི་ལྕག་སྒྲོག་ལས་གྲོལ་ཚར་མཁན་ཤ་སྟག་ཡིན་པས། དེ་དག་གི་མཚན་རེ་རེ་ནས་བརྗོད་ན་དུས་ཚོད་ཀྱིས་མི་འདང་ངེས། སྐབས་འདིར་མཚན་གཞིའི་ཚུལ་དུ་སྐྱེས་བུ་གཉིས་ཀྱི་མཚན་བརྗོད་ན། རྫ་དཔལ་སྤྲུལ་རིན་པོ་ཆེ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་རྣམ་པ་གཉིས་རེད། ཁོང་གཉིས་དོན་དངོས་ཐོག་ནས་རིས་མེད་ཆོས་བརྒྱུད་ལ་དག་སྣང་བྱེད་མཁན་ཡིན་པ་མ་ཟད། ཁོང་གཉིས་ཀྱི་གསུང་ཀློག་ཚེ་དག་སྣང་གི་བྲོ་བ་དངོས་ཤུགས་ཀུན་ནས་མྱོང་ཐུབ་འོང་། ཞབས་དཀར་པའི་གསུང་རྩོམ་རྣམས་སུ་རྟག་ཏུ་རིས་སུ་མ་ཆད་པའི་བླ་མ་རྣམ་པར་་གུས་བསྟོད་གང་མང་མཛད་ཡོད་པ་སུས་བཀླགས་ནའང་ཤེས་སླ།
དྲི་བ་བཞི་བ། འཇུ་མི་ཕམ་པས་རིས་མེད་ཆོས་བརྒྱུད་ཉམས་བཞེས་གནང་གི་ཡོད་དམ།
ལན། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེ་སྐུ་སྒེར་ངོས་ནས་རིས་མེད་ཆོས་བརྒྱུད་ལ་དག་སྣང་མཛད་ཀྱི་ཡོད་ལ། ཕལ་ཆེར་ཉམས་ལེན་ཀྱང་གནང་ཡོད་པ་འདྲ། ཁོང་གིས་རྫ་དཔལ་སྤྲུལ་རིན་པོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་གསར་རྙིང་གི་སྐྱེས་ཆེན་དམ་པ་མང་བོ་དགེ་བའི་བཤེས་གཉེན་དུ་བསྟེན། སྐྱེས་སྟོབས་ཀྱི་ཤེས་རབ་རླབས་ཆེ་བ་བྱུང་བས། གྲྭ་ས་ཆེན་པོ་འགྲིམ་མ་དགོས་པར། སྐུ་སྒེར་གྱིས་གསར་རྙིང་གི་གཞུང་ལུགས་མཐའ་ཡས་པར་ཀློག་སྦྱོང་གནང་ཞིང་། གསར་མའི་གཞུང་ལུགས་ཚོ་རྟོགས་སླ་བ་བྱུང་བར་གསུངས། སྐབས་དེར་རྙིང་བསྟན་ཉམས་དམའ་ཞིང་རང་ལུགས་འཆོར་ཉེན་བྱུང་བས། ཁོང་གིས་དབུ་ཚད་མངོན་པའི་བསྟན་བཅོས་ལྗགས་རྩོམ་གནང་ནས་རྙིང་མ་རང་ལུགས་ཀྱི་ཡིག་ཆ་ཆ་ཚང་བཙུགས་པའི་མཐུ་ལས། རྙིང་མའི་ལྟ་གྲུབ་སླར་གསོ་བྱུང་ཞིང་། ད་ལྟ་རྙིང་མའི་བཤད་གྲྭ་ཁག་ལ་འཆད་ཉན་གོང་འཕེལ་དུ་འགྲོ་བཞིན་ཡོད། གོང་གི་རྒྱུ་མཚན་དག་ལ་བརྟེན་ནས། ཁོང་སྐུ་སྒེར་ནས་རིས་མེད་པ་ཞིག་ཡིན་ཀྱང་། རྙིང་བསྟན་ལ་ཤ་ཚ་བའི་དབང་གིས་བསྟན་བཅོས་རྣམས་སུ་གཞན་ལུགས་དགག་པ་དང་རང་ལུགས་བཞག་པའི་སྤྲོས་པ་ཡ་མཚན་དགོས་པ་འཇམ་པའི་དབྱངས་ཀྱི་བློ་ལས་ཐོན་པ་ལྟ་བུ་གནང་།
རྙིང་མ་པ་ཁ་ཅིག་གིས་གཞན་རྗེས་འབྲངས་དྲགས་ནས། མདོ་སྔགས་གཉིས་ཀའི་ཐད་ནས་རང་ཚུགས་ཤོར་གྲབས་བྱུང་བར། ཁོང་གིས་དེ་དག་ལ་དགག་པ་གནང་ནས་ལྟ་གྲུབ་ཐད་ལ་ཤན་འབྱེད་རིན་ཐང་ཆེ་བ་མཛད། ཁོང་གི་ལྗགས་རྩོམ་གཉུག་སེམས་སྐོར་དང་དམ་ཆོས་དོགས་སེལ་སོགས་ལ་གཟིགས་ན་དེའི་སྐོར་གསལ་པོ་གསུངས་ཡོད། ཉིད་ཀྱི་ཞལ་ནས། སྔ་འགྱུར་པ་མང་པོ་ཞིག་གིས་གཞན་ལུགས་ཀྱི་ལད་མོ་བཟློ་བ་ཁོ་ན་ལས་རང་ལུགས་ཀྱི་གྲུབ་མཐའི་གནད་ཅི་ཡིན་ཙམ་དོ་སྣང་བྱེད་མཁན་ཉུང་བར་གྱུར་ཞིང་། རྙིང་བསྟན་ལ་ཉམས་རྒུད་ཆེན་པོ་འོང་བར་དོགས་ནས་དགག་བཞག་བྱས་པ་ཡིན་གྱི། གཞན་ལུགས་ལ་སྡང་ཞེན་དང་། རང་བསྟོད་ཀྱི་སྙེམས་པ་སོགས་ཀྱི་ཀུན་སློང་ནི་རྨི་ལམ་ཙམ་དུའང་སྐྱེས་མ་མྱོང་ཞེས་དངོས་སུ་གསུངས། སྔོན་ཆད་རྙིང་མའི་དགོན་ཆེན་རྡོ་གྲུབ་ཆེན་དགོན་ལྟ་བུར་རང་ལུགས་ཀྱི་ཡིག་ཆ་དོར་ཉེན་ཐུག་ཚེ། གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་ཐུགས་བཞེད་ལྟར་དུ། མི་ཕམ་རིན་པོ་ཆེའི་ཡིག་ཆའི་གཞི་རྐང་བཙུགས་ནས་མདོ་སྔགས་གཉིས་ཀའི་ཐད་ནས་རྙིང་བསྟན་ཚད་ལྡན་ཉམས་སུ་ལེན་པའི་སྲོལ་དར། མདོར་ན་བསྟན་འཛིན་གྱི་སྐྱེས་བུ་གསེར་རིའི་ཕྲེང་བ་རྒྱུན་མ་ཆད་པ་ལས། རྒྱལ་བ་གཉིས་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་། འཇམ་མགོན་བླ་མ་མི་ཕམ་གཉིས་པོ་རྙིང་བསྟན་ལ་བཀའ་དྲིན་ཆེ་ཤོས་རེད།
དྲི་བ་ལྔ་བ། རྙིང་མའི་ལྟ་བ་ཡངས་ཤིང་སྤྱོད་པ་འཆལ་ཟེར་སྲོལ་ཞིག་འདུག་པ་དེའི་རྒྱུ་རྐྱེན་གང་ལགས།
ལན། རྙིང་མ་སྤྱོད་པ་འཆལ་ཟེར་བ་གཏམ་མི་བདེན་པ་ཞིག་རེད། བོད་ཀྱི་ཆོས་བརྒྱུད་ཁག་ཚང་མའི་ནང་ལ་སྤྱོད་པ་འཆལ་བོ་སྤྱོད་མཁན་གྱི་མི་རེ་ཟུང་ཡོད་ངེས། འོན་ཀྱང་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་གང་ཡིན་ཀྱང་། སྤྱི་ངོས་ནས་སྤྱོད་པ་འཆལ་བོ་ཡོད་ཟེར་ན་མི་འགྲིག །སྤྱོད་པ་འཆལ་ཟེར་བ་དེ་བསྟོད་ཚིག་མ་ཡིན་པར་། དམའ་འབེབ་དང་སྐྱོན་བརྗོད་ཀྱི་ཚིག་ཅིག་ཡིན། ང་ཚོས་ཞིབ་དཔྱོད་བྱས་ཚེ། ཆོས་བརྒྱུད་ཁག་ཚང་མའི་ནང་ལ་སྤྱོད་པ་འཆལ་པོ་ཡོད་པའི་གང་ཟག་ཁ་ཤས་རྙེད་ཐུབ་འོང་། དེ་ཙམ་གྱིས་ཆོས་བརྒྱུད་ཆ་ཚང་དེ་ལ་མིང་ངན་འགེལ་ག་ལ་འོས།
དྲི་བ་དྲུག་པ། རིས་མེད་ཆོས་བརྒྱུད་ལ་དད་གུས་དག་སྣང་སྦྱོང་དགོས་ན་གཙོ་བོ་ཕྱོགས་གང་ནས་མགོ་རྩོམ་དགོས།
ལན། བོད་མི་རིགས་ནང་ཁུལ་ལ་མཛའ་མཐུན་ཡོང་བ་དང་། རང་རྒྱུད་ལ་དོན་མེད་ཆགས་སྡང་མི་གསག་པའི་ཆེད་དུ་གྲུབ་མཐའ་རིས་མེད་ལ་ཅི་ཐུབ་ཀྱིས་དད་གུས་དག་སྣང་སྦྱོང་རྒྱུ་གལ་ཧ་ཅང་ཆེ། དེའི་འགྲོ་ཕྱོགས་སུ་བསྐྱོད་པའི་ཐབས་དང་པོ་དེ། གྲུབ་མཐའ་གཞན་གྱི་གསུང་རབ་ལ་ལྟ་ཀློག་དང་སློབ་སྦྱོང་བྱེད་རྒྱུ་དེ་རེད། ང་ཚོ་བོད་གངས་ཅན་གྱི་གྲུབ་མཐའ་ཚང་མ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་པོ་ཁས་ལེན་མཁན་རྐྱང་རྐྱང་ཡིན་པས། རང་གཞན་གྱི་གཞུང་ལུགས་རིས་སུ་མ་ཆད་པ་ལ་ཐོས་རྒྱ་ཆེ་ན། ད་གཟོད་དབང་མེད་དུ་དེ་དག་ལ་དག་སྣང་སྐྱེ་སླ་འོང་། དེའི་མི་ཚད་པར། ཆོས་བརྒྱུད་ཚང་མའི་དགེ་འདུན་པ་རྣམས་ཀྱིས་རིས་མེད་ཚོགས་འདུ་དང་བགྲོ་གླེང་བྱེད་ས་རྣམས་ལ་ཕེབས་ནས། ཕན་ཚུན་ཆ་ཡོད་རྒྱུས་ལོན་བྱེད་རྒྱུ་གལ་ཤིན་ཏུ་ཆེ། གང་ཡིན་ཞེ་ན། གྲུབ་མཐའི་ཆགས་སྡང་གི་རྒྱུ་གཙོ་བོ་ཞིག་ནི་ཕན་ཚུན་བར་ལ་འབྲེལ་འདྲིས་ལེགས་པོ་མེད་པར་ཐུག་འདུག །
དྲི་བ་བདུན་པ། ཁྱེད་ཀྱི་མི་ཚེའི་ནང་རིས་མེད་ཆོས་བརྒྱུད་ཉམས་ལེན་གནང་གི་ཡོད་དམ།
ལན། ང་རང་ངོས་ནས་རྙིང་མ་པ་ཞིག་ཡིན་པས། སྔ་འགྱུར་པའི་ཆོས་གཙོ་བོ་ཉམས་སུ་ལེན་མཁན་ཞིག་ཡིན་མོད་ཀྱང་། གྲུབ་མཐའ་རིས་མེད་ལ་དག་སྣང་སྦྱོང་ཅི་ཐུབ་དང་། ཁོམ་ལོང་དང་བསྟུན་ནས། ས་སྐྱ་བཀའ་བརྒྱུད་སོགས་ཆོས་བརྒྱུད་གཞན་གྱི་བླ་མ་རྣམས་ཀྱིས་མཛད་པའི་མདོ་སྔགས་ཀྱི་གཞུང་ཚོ་སློབ་སྦྱོང་མུ་མཐུད་དུ་བྱེད་བཞིན་ཡོད། གཞན་གྱི་གསུང་རབ་དང་གདམས་པ་དེ་ཚོས་ང་རང་སྒེར་གྱི་ཉམས་ལེན་ལ་ཕན་ཐོགས་ཆེན་པོ་གནང་སོང་།
ང་ཕ་ཡུལ་དུ་འཚར་ལོངས་བྱུང་སྐབས་སུ། ངའི་ཡུལ་མི་སྐྱ་སེར་ཚང་མས་གྲུབ་མཐའ་རིས་མེད་ལ་དག་སྣང་བྱེད་པའི་ལུགས་སྲོལ་ཕ་མེས་རིང་ནས་དར་ཡོད་སྟབས། རང་ལུགས་རྙིང་མ་ཡིན་ཀྱང་། ཇོ་ནང་དང་བཀའ་བརྒྱུད་སོགས་ཆོས་བརྒྱུད་གཞན་ཀྱི་བླ་མ་རྣམས་ཀྱི་མདུན་ནས་མི་ཚང་མས་ཆོས་ཞུ་ཞིང་། མི་ཚང་གཅིག་གིས་ཆོས་བརྒྱུད་རིས་མེད་ཀྱི་བླ་མ་གདན་འདྲེན་ཞུས་ནས། རིམ་གྲོ་དང་གཤིན་ཆོག་བྱེད་སྲོལ་ཡོད། དེས་ན་ཆུང་དུས་ནས་གྲུབ་མཐའ་རིས་མེད་ལ་དག་སྣང་བྱེད་རྒྱུའི་བག་ཆགས་བཟང་པོ་ཞིག་སེམས་ནང་ལ་སྐྱེས་ཟིན་པས་རང་གི་བསོད་ནམས་རེད་སྙམ།