རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ།
ཐེངས། 118381 བཀླགས་འདུག

༄༅།། རྒྱལ་ཡོངས་རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་དེ་སྟོན་པ་གཤེན་རབ་མི་བོ་ཆེ་འདས་ནས་ལོ་༡༨༠༣༦ དང་། སྟོན་པ་ཐུབ་པའི་དབང་པོ་འདས་ནས་ལོ་༢༥༦༣ རབ་གནས་ས་ཕག་ལོའི་གྲོ་བཞིན་ཟླ་བའི་ཡར་ཚེས་༡༠ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༩ཕྱི་ཚེས་༨དང་༩བཅས་ཉིན་གཉིས་རིང་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་སུ་གསང་ཆེན་སྔ་འགྱུར་རྙིང་མ་པའི་གདན་ས་ཆེན་མོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་བཤད་གླིང་དུ་དགའ་མོས་སྤྲོ་གསུམ་དང་། ཟབ་བརླིང་ཤིས་གསུམ་གྱི་ཐོག་གནད་སྨིན་དོན་ཁེལ་ངང་ཚོགས་ཐུབ་པ་བྱུང་བ་རེད། དེའང་རང་ཅག་ཁ་བ་རི་པ་རྣམས་ལ་བཀའ་དྲིན་གསོབ་པར་དཀའ་བའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾབྷ་ཝ་ལྷོ་ནུབ་འོ་མ་ཅན་གྱི་མཚོ་རུ་ཡ་མཚན་གྱི་པདྨའི་ལྡོང་པོ་ལས་སྐུ་བལྟམས་པའི་དུས་ཆེན་ཁྱད་པར་ཅན་བོད་ཚེས་བཅུའི་ཉིན་དབུ་འཛུགས་ཞུས་ཤིང་། ཐེངས་འདིའི་བགྲོ་གླེང་དེ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་༦༠༠འཁོར་བའི་རྗེས་དྲན་མཚན་ཐོག་ཏུ་ཕུལ་བ་ཞིག་ཀྱང་ཡིན། བགྲོ་གླེང་འདིའི་གྲུབ་ཆ་ནི། བན་བོན་གཉིས་ཟུང་འབྲེལ་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་མོ་དྲུག་གི་གསུང་བཤད་པ་རེ་དང་གདན་ས་སྨིན་གྲོལ་གླིང་གི་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུས་པའི་བཤད་གྲྭའི་དབུ་ལས་མཁན་སློབ་འདུས་མང་། དེ་བཞིན་ཆེད་ཞུས་ཀྱི་སྐུ་མགྲོན་རྣམ་པ་གཙོས་ཟུར་ཉན་པ་དང་དབུས་རྒྱུན་རྣམ་པ་ལས་གྲུབ་པ་ཞིག་ཡིན།

དམིགས་ཡུལ་ནི། བོད་ཀྱི་ཆོས་བརྒྱུད་ཆེན་མོ་དྲུག་གི་སོ་སོའི་ཐུན་མིན་མདོ་སྔགས་གཉིས་ཀྱི་ལྟ་བའི་བཞེད་མཚམས་དང་ཆེ་བ་དག་ཆོས་བརྒྱུད་ཕན་ཚུན་བར་བགྲོ་གླེང་གི་ལམ་ནས་མཁྱེན་རྟོགས་དང་རྒྱུས་ལོན་ཡོང་ཕྱིར་གཙོ་བོར་དམིགས་པ་ཞིག་ཡིན། དེའང་རིས་སུ་མ་ཆད་པའི་མཁྱེན་ཡངས་གསུང་བཤད་པ་རྣམས་ཆོས་བརྒྱུད་ཆེན་མོ་དྲུག་གི་གདན་ས་ཁག་ལ་རེས་མོས་ལྟར་ཕར་བཅར་ཏེ་བགྲོ་གླེང་བྱེད་ཐུབ་ན་གང་ཅིའི་ཐད་ནས་དགེ་མཚན་ཆེ་བར་མཐོང་སྟེ་གདན་ས་ཁག་སོ་སོར་ཆེད་བཅར་གྱིས་བགྲོ་གླེང་ཞུས་དང་ཞུ་མུས་དེ་ལྟར་ཡིན། བགྲོ་གླེང་སྐབས་སུ་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་མཆོག་ནས་བཀའ་སློབ་བསྩལ་དོན། “ང་ཚོ་འདི་ལྟར་འཛོམས་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ཆོས་བརྒྱུད་ཕན་ཚུན་བར་ལྟ་གྲུབ་སྐོར་དཔྱད་པ་མང་པོ་བྱེད་དགོས་པ་དེ་རེད། འདི་དངོས་གནས་གལ་ཆེན་པོ་ཞིག་དང་རྩ་ཆེན་པོ་ཞིག་མཐོང་གི་འདུག ང་ཚོ་ལྟ་གྲུབ་ཀྱི་སྐོར་དེ་དངོས་གནས་དྲང་གནས་ས་ལམ་བགྲོད་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ཡ་དེ་ཆོས་བརྒྱུད་ཆེན་པོ་ཚང་མ་གཅིག་པ་གཅིག་ཀྱང་རེད་བསྡད་ཀྱི་ཡོད་རེད། གཙོ་བོ་རྒྱུད་ཉོན་མོངས་སྤང་ཡ་རེད། ཚང་མས་དེ་ག་རང་ཉམས་ལེན་སྐོར་བཤད་བསྡད་ཡོད་རེད། དོན་དག་གཞན་ཅི་གང་བཤད་ཀྱི་ཡོད་མ་རེད། ”ཅེས་དང་། “དེ་རིང་ལྟ་བུར་བགྲོ་གླེང་གི་སྒོ་ནས་ཕན་ཚུན་བཤད་ཐུབ་ཡ་དེ་དཔེ་གལ་ཆེན་པོ་འདུག དེ་ལ་རྟེན་ནས་གོ་བ་ཡག་པོ་ཆགས། གཅིག་གིས་གཅིག་ལ་བརྟེན་ནས་ཕན་ཚུན་མཐུན་འབྲེལ་དང་། དེའི་ནང་ནས་དེ་རིང་ལྟ་གྲུབ་ཀྱི་བགྲོ་གླེང་འདིའི་ནང་ན་བཞུགས་སྡད་མཁན་བཤད་གྲྭ་འདིའི་སློབ་ཕྲུག་ཁྱེད་རྣམ་པ་ཚོས་དུས་ཚོད་འཕྲོག་རླག་མ་གཏོང་། འདིའི་ནང་དུ་པར་གང་འདྲ་རྒྱབ་ཀྱི་འདུག སྐད་ཕྲིན་གང་འདྲ་བྱས་ནས་གཏང་དགོས་ཀྱི་འདུག དེ་ཚོ་བསམ་བློ་བཏང་སྟེ་མ་བསྡད་པར། ད་རེས་བགྲོ་གླེང་ག་རེ་བྱས་སོང་། མཁས་དབང་སོ་སོའི་འཛིན་མཚམས་གང་འདྲ་འདུག་ལྟོས། ཁོང་རྣམ་པ་ཚོས་རང་རང་སོ་སོས་དཀའ་ལས་བརྒྱབ། སྡུག་རུས་བྱས་ནས་མཁན་སློབ་དགེ་བའི་བཤེས་གཉེན་ཆགས་བསྡད་ཡོད་རེད། ཉམས་ལེན་བྱས་པ་ཡིན་ནའང་འདྲ་ག་རེ་ཡིན་ནའང་། བགྲོ་གླེང་གི་རིགས་དེ་དཔེ་གལ་ཆེན་པོ་རེད།” ཡང་། “བོད་གངས་ཅན་གྱི་ཆོས་ལུགས་དེ་ཚོ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རེད། རྡོག་རྩ་གཅིག་སྒྲིལ་ཞེས་པ་དེ་གཞན་གང་ཡང་ཡོད་མ་རེད། གཅིག་གིས་གཅིག་ལ་ཡིད་ཆེས་བྱེད། ངོས་ལེན་བྱེད་ཡ་དེ་ཚོ་རྡོག་རྩ་གཅིག་སྒྲིལ་རེད་མ་གཏོགས་གཞན་རྡོག་རྩ་གཅིག་སྒྲིལ་ཆགས་ཡ་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག” ཅེས་བཀའ་སློབ་རིན་ཐང་བྲལ་བ་དུ་མ་གནང་སོང་། ད་དུང་རིས་མེད་མཐུན་ཚོགས་ཀྱིས་འགྲེམས་སྤེལ་ཞུས་པའི་༼རིས་མེད་ཀྱི་དགེ་ཕན་༽ཞེས་པའི་ལོ་དེབ་འདོན་ཐེངས་དང་པོ་དེའི་ཞལ་ཕྱེའི་བཀའ་དྲིན་ཡང་བཅང་གནང་སོང་། དེ་ནས་སྔ་འགྱུར་མཐོ་སློབ་ཀྱི་ཚོགས་གཙོ་མཆོག་ནས་བགྲོ་གླེང་ཞུ་ཕྱོགས་སྐོར་གསུང་བཤད་གནང་བ་དང་། རྒྱ་གར་ས་གནས་རྒྱ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་རྒྱལ་སྤྱིའི་རིས་མེད་མཐུན་ཚོགས་དབུས་ས་གཉིས་ཀྱི་ལོ་རྒྱུས་སྒྲོག་བྱང་གནང་། ཉིན་གཉིས་ཀྱི་མདོ་འཛིན་པ་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་གཙོས་གནང་ཞིང་། བགྲོ་གླེང་གཙོ་སྐྱོང་པ་གཉིས་ཀྱིས་སྔ་དྲོར་དང་ཕྱི་དྲོར་རེས་མོས་ལྟར་བགྲོ་གླེང་གཙོ་སྐྱོང་གནང་། བགྲོ་གླེང་གི་ནང་དོན་དངོས་ལ་མ་འཇུག་གོང་དུ་གསུང་བཤད་སློབ་དཔོན་དྲུག་ཀས་རིས་མེད་ཀྱི་དགེ་མཚན་སྐོར་གསུང་བཤད་རེ་གནང་ཡོད་ཅིང་།

བགྲོ་གླེང་གསུང་བཤད་གནང་མཁན་རིམ་པ་དང་པོ། ས་སྐྱའི་གསུང་བཤད་པ་མཁན་པོ་ཚུལ་ཁྲིམས་དཔལ་ལྡན་མཆོག་ནས་རྩོམ་ཤོག་གི་ཞལ་བྱང་ས་སྐྱའི་ལྟ་གྲུབ་རྣམ་བཞག ཅེས་པའི་ཐོག་སྐྱའི་བསྟན་པའི་འཕེལ་རིམ་དང་། བཤད་སྒྲུབ་གཙོ་བོར་མཛད་པའི་ཆོས་སྐོར། གདུལ་བྱ་བཀྲི་ཚུལ། གྲུབ་མཐའི་ཁྱད་ཆོས་ལྟ་བའི་རྣམ་བཞག ལྟ་བའི་རྣམ་བཞག་བྱེ་བྲག་ཏུ་བཤད་པ། མཐར་ཐུག་གི་ལྟ་བའི་འཇོག་སོ། ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ངོ་བོ། མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་མེད་བཅས་དོན་ཚན་གཙོ་བོར་བརྒྱད་ཀྱི་སྟེང་ནས་གསུང་བཤད་གནང་། དེ་ནས་གསུང་བཤད་སློབ་དཔོན་རིམ་པ་གཉིས་པ། རི་བོ་དགེ་ལྡན་པའི་དགེ་བཤེས་ལྷ་རམས་པ་བློ་བཟང་དབང་གྲགས་མཆོག་ནས་རྩོམ་ཤོག་གི་ཞལ་བྱང་མཉམ་མེད་ཙོང་ཁ་པ་ཆེན་པོའི་དཀའ་གནད་བརྒྱད་ཀྱི་ལེགས་བཤད་སྙིང་པོ། ཞེས་པའི་ཐོགདཀའ་གནད་བརྒྱད་ཀྱི་ངོས་འཛིན། དབུ་མའི་མདོ་སྔགས་ཀྱི་གཞུང་ན་ཀུན་གཞི་མ་བསྟན་པ། ཀུན་གཞི་མེད་པ་ལས་ཞིག་པར་འབྲེལ་པར། ཀུན་གཞི་མེད་པ་ཕྱི་དོན་ཡོད་པ་ལ་འབྲེལ་བར། རང་བཞིན་མེད་པའི་དོན་ལ་ཕྲ་རགས། སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་པའི་ཆོས་གསུམ། ཀུན་གཞི་འདོད་པའི་མཁས་པའི་བཞེད་པ་ལ་བརྟག་པ། ཞིག་དངོས་དང་ཀུན་གཞི་མི་མཚུངས་པ་བསྟན་པ། ཀུན་གཞི་དྲང་དོན་བསྟན་པ་དགག་པ། ཐ་སྙད་ཀུན་གཞི་བཞེད་པ་དང་ལས་མ་འགག་པ་འདོད་པ་འགལ་བ། དྲང་དོན་གྱི་མདོ་དང་དྲང་དོན་དགོངས་པ་ཅན་གཉིས་ཀྱི་ཁྱད་པར། དེས་ན་ཀུན་གཞི་བཞེད་པ་སེམས་ཙམ་གྱི་ལྟ་བ་ལ་གནས་པ་བཅས་དཀའ་གནད་དང་པོ་ཉིད་ལའང་དོན་ཚན་བཅུ་གསུམ་དུ་ཕྱེས་བཤད་པ་དང་། དེ་མིན་དཀའ་གནད་གཞན་གི་ཐོག་ཏུའང་ཅུང་ཟད་རེ་གསུངས་ཁོམ་བྱུང་སོང་། གསུང་བཤད་པ་རིམ་པ་གསུམ་པ། གཡུང་དྲུང་བོན་གྱི་གསུང་བཤད་གནང་མཁན་དགེ་བཤེས་ཤེས་རབ་རྣམ་རྒྱལ་མཆོག་ནས་རྩོམ་ཤོག་གི་ཞལ་བྱང་བོན་གྱི་ཐེག་པ་རིམ་པ་དགུའི་ངོ་སྤྲོད་སྙིང་བསྡུས། ཞེས་པའི་ཐོག བྱང་གཏེར་ལུགས་ཀྱི་ཐེག་པ་རིམ་པ་དགུ་དང་། ལྷོ་གཏེར་ལུགས་ཀྱི་ཐེག་པ་རིམ་པ་དགུ། དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་པ་དགུ་བཅས་ཀྱི་སྐོར་གསུང་བཤད་ཞིམ་མོར་གནང་སོང་། གསུང་བཤད་པ་རིམ་པ་བཞི་པ། ཇོ་ནང་གི་གསུང་བཤད་པ་སློབ་དཔོན་ཤེས་རབ་ཆོས་འཕེལ་གྱིས་རྩོམ་ཤོག་གི་ཞལ་བྱང་རྣལ་འབྱོར་སྤྱོད་པའི་དབུ་མ་ཐུབ་དབང་དགོངས་གསལ། ཞེས་པའི་ཐོག མཚམས་སྦྱོར་ཇོ་ནང་ཆོས་བརྒྱུད་ཀྱི་སྐོར། མཐའ་ཐུག་གི་ལྟ་གྲུབ་སྐོར། མཐའ་བཟུང་གིས་སྣང་སྟོང་སོ་སོར་བཤད་པ། སྟོང་པའི་ཕྱོགས། སྣང་བའི་ཕྱོགས། སྣང་ཕྱོགས་བསྟན་ཚུལ་རིགས་གསུམ། སྣང་སྟོང་ཟུང་འཇུག་གི་སྐོར་ནས་དོགས་སེལ། དབུ་མའི་མཐའ་གཉིས་སེལ་ཚུལ་སྐོར། མཐར་ཐུག་གི་ཀུན་རྫོབ་བདེན་པའི་སྐོར། གནད་འགག་དང་འཛིན་མཚམས་ཁ་ཤས། དབུ་མ་འདི་འཕགས་ཡུལ་དུ་ཅི་ལྟར་གྲགས་ཚུལ། བོད་ཀྱི་དབུ་མའི་ལྟ་གྲུབ་རྣམ་གསུམ་གནད་ཅིག་ཏུ་གྲུབ་ཚུལ་བཅས་དོན་ཚན་བཅུ་གཉིས་ཀྱི་ལམ་ནས་ནས་དཔེ་རིས་དང་བཅས་པར་གསུང་བཤད་མཛད། གསུང་བཤད་པ་རིམ་པ་ལྔ་པ།

རྙིང་མ་པའི་གསུང་བཤད་སློབ་དཔོན་མཁན་པོ་ཨོ་རྒྱན་བསྟན་འཛིན་མཆོག་ནས་རྩོམ་ཤོག་གི་བརྗོད་བྱ་དབུ་མ་ཐལ་རང་གི་ལྟ་བའི་བཞེད་མཚམས་མི་ཕམ་དགྱེས་པའི་བཞད་སྒྲ་ཞེས་པའི་ཐོག སྔར་འགྱུར་རྙིང་མའི་ཕྱོགས་ནས་དབུ་མ་ཐལ་རང་གིས་སྟོང་ཉིད་གཏན་ལ་འབེབས་ཚུལ་སྤྱིར་བཤད་པ་དང་། དེ་གཉིས་ཀྱི་དགག་བྱ་ངོས་འཛིན་ལུགས་བྱེ་བྲག་ཏུ་བཤད་པ། མཐར་ཐུག་ཐལ་རང་གི་དགོངས་པ་དབྱེར་མེད་ཡིན་ཚུལ་བཤད་པ། ཞལ་ལ་བོད་ཀྱི་ནང་པའི་ཆོས་བརྒྱུད་དག་གི་དབུ་མའི་ལྟ་བ་མཐར་ཐུག་འགལ་མེད་གཅིག་ཏུ་བབས་ཚུལ་མདོར་ཙམ་བརྗོད་པ་བཅས་རྩ་བའི་བརྗོད་བྱའི་ནང་ཚན་བཞིའི་སྒོ་ནས་གསུང་བཤད་གནང་། གསུང་བཤད་པ་རིམ་པ་དྲུག་པ། བཀའ་བརྒྱུད་པའི་གསུང་བཤད་པ་སློབ་དཔོན་སངས་རྒྱས་ཕུན་ཚོགས་མཆོག་ནས་རྩོམ་ཤོག་གི་ཞལ་བྱང་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་མདོ་དང་སྔགས་ཀྱི་ལྟ་བ་ཞེས་པའི་ཐོག སྔགས་བླ་མེད་ཀྱི་ལྟ་བ་དེ་གཞན་སྟོང་གི་ལྟ་བར་གནས་ཚུལ་བརྗོད་བྱ་གཙོར་འདོན་གནང་སྟེ། རང་སྟོང་དང་། གཞན་སྟོང་། དེ་གཉིས་འགལ་མེད་ཀྱི་ཚུལ། ཟབ་མོ་སྔགས་ཀྱི་དབུ་མ་དང་དོན་ཚན་བཞིའི་སྒོ་ནས་གསུང་བཤད་མཛད་ཅིང་། གསུང་བཤད་པ་རེས་ཆུ་ཚོད་རེར་གསུང་བཤད་གནང་བའི་ཐོག་ཆུ་ཚོད་ཕྱེད་ཀའི་རིང་དྲི་བ་དྲི་ལན་གནང་ཡོད།

རང་ཉིད་ལྟ་བུར་ཆ་མཚོན་ན་སྐབས་དེར་ཆོས་བརྒྱུད་སོ་སོའི་ཐུན་མིན་ལྟ་གྲུབ་བཤད་དེ་གཞན་གྱི་ལྟ་བ་ལ་དགག་པ་ཚ་ནན་ཆེ་བ་ཇི་ཙམ་བརྒྱབ་ཀྱང་སེམས་ལ་ཕོག་ཐུག་ཏིལ་འབྲུལ་ཙམ་ཡང་མ་བྱུང་མ་ཟད་དགག་བཞག་ཇི་ལྟར་བྱས་ཀྱང་ཡིད་ལ་འཐད་པ་རེ་བྱུང་། དེ་ནི་རིས་མེད་ཀྱི་བགྲོ་གླེང་ཁག་ལ་ཡང་ཡང་ཞུགས་པའི་གྲུབ་འབྲས་ཡིན་སྙམ། གཞན་རྣམས་ལའང་དེ་ལྟར་བྱུང་སོང་སྙམ་པའི་ཚོར་སྣང་བྱུང་། ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཞུ་མཁན་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་དང་། སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བཤད་གྲྭ་མདོ་རྒྱུད་ལེགས་བཤད་གླིང་གཉིས་ཟུང་འབྲེལ་ཐོག་ཞུས་པ་ཞིག་རེད། ཅེས་གནས་ཚུལ་འཁོ་སྤྲོད་པ་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲིཿའགྱུར་མེད་རྡོ་རྗེས་ཕྱི་ལོ་༢༠༡༩ ལོའི་ཟླ་༩ ཚེས་༡༤ ཉིན་ཕུལ། །