རྫོང་གསར་མཁྱེན་བརྩེ་རིན་པོ་ཆེར་བཅར་འདྲི།
ཐེངས། 120128 བཀླགས་འདུག
དྲི་བ་དང་པོ།
རིན་པོ་ཆེ་སྐུ་ཐོག་གོང་འོག་ཚང་མས་རིས་མེད་ཐོག་ལ་ཧ་ཅང་མཛད་རྗེས་རླབས་ཆེན་བཞག་གནང་ཞིང༌། དེའང་སྐུ་ཐོག་གོང་མ་རྣམས་ཀྱིས་བོད་གངས་ཅན་ལྗོངས་ན་ཉམ་ལ་ཉེ་བའི་རྒྱུད་སྡེ་དང༌། སྒྲུབ་ཐབས། གདམས་ངག་དུ་མ་ཞིག་བསྡུས་ནས། རྒྱུད་སྡེ་ཀུན་བཏུས་དང་སྒྲུབ་ཐབས་ཀུན་བཏུས། གདམས་ངག་མཛོད་སོགས་མཛད་དེ་བོད་གངས་ཅན་ལྗོངས་སུ་བཀའ་ཡི་བསྡུ་བ་དང་པོ་ལྟ་བུར་མཛད་པ་མཚོན། རིས་སུ་མ་མཆིས་པའི་བསྟན་པ་ལ་ཞབས་ཏོག་རླབས་ཆེན་བསྒྲུབས་ཤིང༌། སྐུ་ཐོག་འདིར་ཡང་རིན་པོ་ཆེ་ཉིད་ཀྱིས་དཔལ་རྫོང་སར་བཤད་གྲྭ་གཙོས་པའི་འཛམ་གླིང་ཤར་ནུབ་གང་སར་སངས་རྒྱས་ཀྱི་བསྟན་པ་སྡེ་དང་དེ་འཛིན་གྱི་སྐྱེས་བུ་སློབ་རྒྱུད་དང་བཅས་པ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་གནང་བཞིན་པ་དང༌། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དབྱིན་བསྒྱུར་གྱི་ཐུགས་འགན་ཕྱག་བསྟར་གནང་བཞིན་པ་སོགས་བླ་ན་མེད་པའི་མཛད་པ་བསྐྱངས་དང་སྐྱོང་བཞིན་པའི་ཉམས་མྱོང་བརྒྱུད་རིས་མེད་གནང་བར་འགལ་རྐྱེན་ཆེ་ཤོས་དེ་གང་ཞིག་གཟིགས་སོང༌། འགལ་རྐྱེན་གདོང་ལེན་བྱ་ཐབས་གང༌།
ལན།
ནང་པ་སངས་རྒྱས་པའི་ཆོས་ལུགས་རིས་སུ་མ་མཆིས་པ་ལ་དག་སྣང་སྦྱང་ཡག་དང༌། ཉམས་རྒུད་ཡོང་གི་འདུག་བསམ་ནས་སེམས་འཁྲལ་ཡོད་མཁན་དེ་འདྲ་དཔེ་མ་སྲིད་ཀྱི་དཀའ་ལས་ཁག་པོ་རེད་བཞག དེ་ཡིན་དུས་ང་འདྲ་ཞིག་ཡིན་ན་ཆོས་ལུགས་རིས་སུ་མཆིས་པ་ལ་དག་སྣང་དང་སེམས་འཁྲལ་ཡོད་པ་རེད་ཅེས་སྤོབས་པ་ཆེན་པོས་ལབ་ཐུབ་ས་མ་རེད། གཙོ་བོ་སྙོམས་ལས་དང་ལེ་ལོའི་དབང་གིས་ཆོས་ལུགས་རིས་སུ་མ་མཆིས་པའི་བླ་མ་བསྟེན། དེའི་གདམས་ངག་ལ་སོགས་པ་ཞུས་ནས་ཉམས་སུ་ལེན་ཟེར་ཡག་དེ་དཀའ་ལས་ཁག་པོ་རེད། ཕྱོགས་གཅིག་ནས་ང་ཚོ་བོད་པའི་བསམ་བློ་གཏོང་སྟངས་དེ་རྒྱ་ཆུང་ཆུང༌། ལ་ཕར་ནང་ཚུར་ནང་དང་ཆུ་ཕར་ནང་ཚུར་ནང་གིས། སྤྱི་ཚོགས་ལའང་ང་ཚོ་དང་ཁོ་ཚོ་ཞེས་བསམ་པ་དང༌། ལག་ལེན་བསྟར་ཡག་གི་གོམས་གཤིས་ཤིག་རྒྱུན་རིང་པོ་ཞིག་ནས་ཆགས་བསྡད་ཡོད་པ་རེད།
ང་ཚོ་བོད་པའི་སྤྱི་ཚོགས་དེ་བསམ་བློ་རྒྱ་ཆུང་ཆུང་ཡིན་པའི་དཔེ་ཞིག་ཞུས་པ་ཡིན་ན། དགོན་པ་ཆུང་ཆུང་ཞིག་མ་གཏོགས་མེད་ནའང་དེ་ལ་ཆོས་རྒྱུད་གང་ཞིག་ཡིན་པའི་མཚོན་རྟགས་སུ་དར་ལྕོག་རེ་རེ་བཙུགས། ཆོས་ལུགས་གང་དང་གང་ཡིན་མིན་དང༌། བླ་མ་གང་དང་གང་གི་སློབ་མ་ཡིན་མིན་གྱི་ར་སྤྲོད་གསལ་པོ་གསལ་རྐྱང་བསྟན་པ་དེ་འདྲའི་རིགས་བྱེད་ཡག་ལ་དགའ་པོ་ཡོད་པ་རེད། དབྱིན་སྐད་ལ་ Exclusivism གཞན་དང་མ་འདྲེས་པ་བྱེད་རྒྱུ་དང་སྒོ་རྒྱག་རིང་ལུགས། ཁེ་གཙང་རིང་ལུགས། ཡང་ན་རིགས་མ་མཐུན་པ་དེ་ཚོ་ལ་དངོས་དང་ལྐོག་ནས་ཁས་ལེན་མེད་པ། ས་མཚམས་དམིགས་བསལ་གྱིས་བཙུགས་པ་དེ་འདྲའི་མཐོང་སྣང་ཞིག་བཟོ་ཡག་ལ་དགའ་པོ་ཞེ་དྲག་ཡོད་པ་རེད། དེང་སང་གི་ཡེ་ཤུ་འདྲ་ཞིག་ལ་ཆ་བཞག་པ་ཡིན་ན། སྔར་དང་མི་འདྲ་བ་ཕུག་དེ་ཡེ་ཤུ་ཡིན་ནའང་། མིན་མདོག་མདོག་བྱས་ནས་སློབ་གྲྭ་དང་སྨན་ཁང་དེ་འདྲ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་མང་པོ་བཙུགས། ཆོས་ལུགས་དང་མི་རིགས་སུ་ཡིན་ནའང་དང་ལེན་བྱས། ང་ཚོ་དང་ཁོ་ཚོ་ཞེས་པའི་སྐད་ཆ་དེ་ཕལ་ཆེར་མེད་པ་ནང་བཞིན་བྱས་ནས་དབང་བསྒྱུར་བྱེད་ཡག་གི་ཐབས་ཤེས་བཏིང་ཐུབ་མཁན་རེད། ང་ཚོ་བོད་ཀྱི་ཆོས་ལུགས་ཀྱི་ནང་དུ་ཆོས་དེ་སྲིད་དོན་དང་འདྲེས་པའི་ལོ་རྒྱུས་ཤིག་བཤད་ཡག་ཡོད་དུས། དེ་ལ་བརྟེན་ནས་ལོ་རྒྱུས་ནང་ཕར་ཚུར་དམ་ཚིག་ཆག་ཉམས་བྱུང་ཡོད་པའི་སྐད་ཆ་ཞིག་ཀྱང་གོ་རྒྱུ་ཞིག་ཡོད་པ་རེད། དམ་ཚིག་ཆག་ཉམས་བྱུང་བ་ཡིན་ན། སྤྱིར་ཆོས་དང་དེའི་ནང་ནས་ཀྱང་སྔགས་ཀྱི་ཆོས་ཉམས་སུ་ལེན་ཡག་ལ་འགྲིགས་ཀྱི་མ་རེད་ཟེར་ཡག་འདྲ་བོའི་སྐད་ཆ་ཞིག་གོ་རྒྱུ་ཡོད་ཙང༌། བླ་མ་གྲྭ་པ་ཐམས་ཅད་ཀྱི་སྐུ་མདུན་ནས་ཆོས་ལམ་སང་གྱ་ཚོམ་དུ་ཞུས་ཟེར་ཡག་དེའང་ལམ་སང་ཞུ་མ་ཐུབ་པ་དེ་འདྲའི་གོམས་གཤིས་ཤིག་ཀྱང་སླེབས་བསྡད་ཀྱི་ཡོད། ང་རང་འདྲ་ཞིག་ཡིན་ན་དངོས་ནས་སྐུ་གོང་མ་རྣམ་པའི་རྣམ་ཐར་སྐྱོང་ནས་ཆོས་ལུགས་རིས་མེད་ལ་དག་སྣང་བྱས། དེ་ཚོའི་ཆོས་དང་གདམས་ངག་ཐམས་ཅད་ཞུས་ཡོད་ཅེས་ལབ་ན་ལབ་ཐུབ་ཡག་གི་སྤོབས་པ་རྩ་ནས་མེད་ཅེས་ཞུ་ཡག་ཡིན། ངས་ཆོས་ལུགས་ས་སྐྱ་བཀའ་བརྒྱུད་རྙིང་མ་གསུམ་གྱི་བླ་མ་མང་པོ་ཞིག་བསྟེན་ནས་ཆོས་ཞུས་ཏེ། རང་གིས་ཁ་འདོན་ཡང་ཅུང་ཟད་རེ་འདོན་གྱི་ཡོད་པ་རེད། དགེ་ལུགས་ཀྱི་ཕྱོགས་འདྲ་ཞིག་ཡིན་ན། ཆོས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ལ་ཆུང་ཆུང་སྐབས་ནས་དཔེ་མི་སྲིད་ཀྱི་དད་པ་དང་མོས་གུས་ཆེན་པོ་ཡོད། དཔེར་ན་དམིགས་བརྩེ་མ་དེ་སུ་ཞིག་གིས་མ་བསླབས་པར་ང་རང་རང་གིས་འདོན་པ་དེ་འདྲ་དྲན་གྱི་འདུག དེ་ཕྱོགས་གཅིག་ནས་ཡ་མཚན་ཆེན་པོ་རེད་དྲན་གྱི་འདུག གང་རེད་ཟེར་ན་ང་སྐྱེས་ས་དེ་རྙིང་མ་རྙིང་ནག་གི་ནང་ཚང་ནང་སྐྱེས་པ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་ལའང་ཕྱིས་སུ་རྒྱུ་མཚན་ཅུང་ཟད་ཤེས་པའི་དད་པ་ཡོད། ཡིན་ནའང་དགེ་ལུགས་ཀྱི་ཕྱོགས་ནས་དབང་དང་གདམས་ངག་ཞུ་ཡག་དེ་ཚོ་རྒྱ་ཆེན་པོ་ཞེ་དྲག་བྱུང་ཐུབ་ཡོད་པ་མ་རེད། དེ་ཡིན་དུས་ཆོས་ལུགས་རིས་སུ་མ་མཆིས་པ་ལ་དག་སྣང་བྱས་ནས་ཆོས་ཞུས་ཡིན་ཞེས་ལབ་ན་འགྲིགས་ཀྱི་མ་རེད་ཅེས་དྲན་གྱི་འདུག དེ་གང་རེད་ཟེར་ན། ཆུང་ཆུང་སྐབས་ཕ་བོང་ཁ་པས་གུ་རུ་རིན་པོ་ཆེའི་སྐུ་འདྲ་སོགས་ཆུ་ནང་ལ་གཡུགས་པ་རེད་ཟེར་བ་འདྲ་དང༌། བཛྲ་གུ་རུ་འདོན་ན་ཆད་པ་བཅད་ཀྱི་རེད་ཟེར་ཡག་འདྲ་དངོས་གནས་ཡིན་ནམ་བརྫུན་མ་ཡིན་ནམ་དེ་འདྲ་ཞིག་གོ་རྒྱུ་ཡོད་པ་དང༌། ང་ཆུང་ཆུང་སྐབས་ནས་བཀའ་བརྒྱུད་རྙིང་མ་ས་སྐྱ་གསུམ་ཀའི་དབང་ཞུ་སའི་རྩ་བའི་བླ་མ་དེ་ཚོ་ཡོངས་སུ་རྫོགས་པ་གུ་རུ་རིན་པོ་ཆེ་དང་འབྲེལ་བ་ཆེན་པོ་ཡོད་མཁན་ཤ་སྟག་ཡིན་པས། དེ་ཚོའི་དམ་ཚིག་ཆག་ཉམས་ལ་བསམ་བློ་ཞིག་བཏང་དུས། ཕ་བོང་ཁ་པ་དང་མ་འབྲེལ་བའི་ཆོས་ཤིག་འཚོལ་དགོས་ཀྱི་ཡོད་ནའང་ཅུང་ཟད་དཀའ་ལས་ཁག་པོ་ཡིན་ཙང༌། དེ་ཚོའི་སྐོར་ལ་དག་སྣང་སྦྱང་མ་ཐུབ་པ་དང་རིས་སུ་མ་མཆིས་པ་བྱེད་མ་ཐུབ་པ་དེ་འདྲ་ཡོང་གི་འདུག་ཅེས་ཞུ་ཡག་ཡིན། ཡིན་ནའང་ང་ཆུང་ཆུང་སྐབས་ནས་འཚར་ལོངས་འབྱུང་དུས། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང༌། སྐྱབས་རྗེ་ས་སྐྱ་བདག་ཁྲི་རིན་པོ་ཆེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། རྒྱལ་དབང་ཀརྨ་པ། སྡེ་གཞུང་རིན་པོ་ཆེ་ལ་སོགས་པའི་རིས་མེད་ཀྱི་སྐྱེས་ཆེན་དེ་ཚོའི་སྐུ་མདུན་ལ་བཅར་རྒྱུ་བྱུང་བ་རེད། དམིགས་བསལ་གྱིས་སྐུ་གོང་མ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ། ཕྱིས་སུ་ངའི་ཞབས་ཕྱི་དང་ཕྱག་མཛོད་དགེ་རྒན་བྱས་པ་དེ་ཚོའི་བསམ་བློ་བཏང་སྟངས་དེ་སྐུ་གོང་མ་ཆོས་ཀྱི་བློ་གྲོས་ཀྱིས་ཕྱག་ལས་གནང་སྟངས་དེ་གཞིར་བཞག་ནས་བཀའ་སློབ་དང་ཐ་ན་རྩེད་མོ་ཞིག་རྩེད་ནའང་རིས་མེད་ལ་དག་སྣང་དགོས་ཚུལ་དེ་ཚོ་མང་པོ་ཞིག་གསུངས་བསྡད་པའི་རྒྱུ་མཚན་གྱིས་མིན་འགྲོ། ང་རིས་སུ་མ་མཆིས་པ་ལ་དག་སྣང་ཅུང་ཟད་སླེབས་ཐུབ་ཀྱི་ཡོད་པ་དེ་ཞབས་ཕྱི་ཚོའི་བཀའ་དྲིན་ཡིན་བསམ་གྱི་ཡོད། དེ་མ་གཏོགས་ངའི་ཕ་རྒན་འདྲ་བོ་ཞིག་གི་རྩར་འཚར་ལོང་བྱུང་ཡོད་ན་རྙིང་མ་པ་མགོ་མཁྲེགས་པོ་ཞིག་ཆགས་བསྡད་ཡོད་སྲིད་པ་རེད། ས་སྐྱ་པའི་ཕྱོགས་ནས་མཁན་པོ་ཀུན་དགའ་དབང་ཕྱུག་འདྲ་བོའི་སྐུ་མདུན་ནས་འཚར་ལོང་བྱུང་ཡོད་ན་ས་སྐྱ་པ་མགོ་མཁྲེགས་པོ་ཞིག་ཆགས་བསྡད་ཡོད་སྲིད་པ་རེད། ཡིན་ནའང་ངའི་ཞབས་ཕྱི་རྙིང་པའི་གྲས་ནས་བཀྲ་ཤིས་རྣམ་རྒྱལ་ཟེར་བ་ཞིག་ཡོད་པ་རེད། ཁོང་འདྲ་ཞིག་ཡིན་ན་ཁྱོད་ནི་སྐུ་གོང་མའི་རྣམ་ཐར་རྒྱུན་སྐྱོང་དགོས་ཞེས། ག་བ་ཡིན་ནའང་དབང་ལུང་དེ་ཚོ་ཞུ་ཡག་ལ་ཡར་ཁྲིད་མར་ཁྲིད། རྒྱུན་དུ་སློབ་སྟོན་བྱེད་དུས་ཀྱང་རིས་མེད་བྱེད་ཡག་དེ་ཞེ་དྲག་གལ་ཆེན་པོ་རེད་ཅེས་ཡང་ནས་ཡང་དུ་བཤད་པའི་བཀའ་དྲིན་གྱིས་ད་ལྟའང་ཆོས་ལུགས་གཞན་པ་དེ་ཚོ་ཡག་པོ་མ་རེད་བསམ་ནས་ཆོས་ལུགས་ཤིག་ཟུར་དུ་བཏོན་པ་མེད་པ་དང་། ཆོས་ལུགས་ཡོངས་རྫོགས་རྩ་ཆེན་པོ་རེད་བསམ་པ་འདྲ་བོ་དང༌། ཐ་ན་ཕ་རོལ་པོའི་ཆོས་ལུགས་དེ་ཡག་པོ་མ་རེད་བསམ་པའི་བསམ་བློ་དེ་འདྲ་སྐྱེ་ཡག་ཧ་ཅང་གི་ཤུགས་ཆེན་པོ་དེ་འདྲ་མེད་ཅེས་ལབ་ན་ལབ་ཐུབ་ཀྱི་རེད་བསམ་གྱི་འདུག མཁྱེན་བརྩེ་སྐུ་གོང་འོག་གཉིས་དང་འཇམ་མགོན་ཀོང་སྤྲུལ་ལ་སོགས་པའི་གསུང་ཆེ་ཁག་ཁྲིད་ཡིག སྤྱི་དོན། འགྲེལ་པ་དེ་ཚོའི་ནང་དུ་མ་ཟད། བླ་མ་རྒྱང་འབོད་དང་བསྟན་རྒྱས་སྨོན་ལམ་འདྲ་བོ་ཆོས་ཚན་ཆུང་ཆུང་ཞིག་གི་ནང་ལ་མཇལ་དུས་ཀྱང་ཆོས་ལུགས་རིས་མེད་ལ་དོ་སྣང་དང་ཐུགས་ཁྲལ་གནང་བ་མཇལ་རྒྱུ་ཡོད་ཙང༌། དེ་ཚོས་ཀྱང་སེམས་ལ་དང་བ་འདྲེན་པ་ཞིག་དང་ཡིད་ཆེས་ཅུང་ཟད་སླེབས་པ་ཡིན་གྱི་རེད།ང་ཆུང་ཆུང་སྐབས་སུ་ཆོས་ལུགས་རིས་སུ་མ་མཆིས་པ་བྱེད་དགོས་རེད་ཅེས་ཁ་ནས་བཤད་མཁན་དང༌། དངོས་སུ་དག་སྣང་སྦྱང་མཁན་དང་ཉམས་སུ་བླང་མཁན་མང་པོ་མཐོང་ཡག་ཡོད་པ་རེད། དེ་ཚོ་མཐོང་ཡག་ཡོད་པའི་རྒྱུ་མཚན་གྱིས་ཀྱང་གོམས་གཤིས་བཟང་པོ་ཐེབས་ཡོད་བསམ་གྱི་འདུག དེང་སང་ཕལ་ཆེ་བ་མངོན་ལྐོག་གཉིས་ཀ་ལ་ང་ཚོ་ལས་ལྷག་པ་ཞིག་མེད། གཞན་དག་ཐམས་ཅད་ལ་གང་ཡང་ཡོད་པ་མ་རེད་ཅེས་དང་། ཆོས་ལུགས་ལ་ཕྱོགས་རིས་བྱས་ན་མི་དེ་འཇོན་ཐང་དང་ལྷག་བསམ་ཅན་གྱི་གྲས་ལ་ཚུད་པ་འདྲ་བོ་འདུག ཐམས་ཅད་ལ་དག་སྣང་སྐྱེ་ཡག་དང་སེམས་ཁྲལ་སྐྱེ་ཡག་ཟེར་མཁན་དེ་ཅུང་ཟད་དཀའ་རུ་འགྲོ་གི་མ་རེད་པས་དྲན་གྱི་འདུག སྤྱིར་བཏང་ཆོས་ལུགས་རིས་མེད་ཀྱི་དག་སྣང་མི་ཡོང་བའི་རྒྱུ་མཚན་གཅིག་དེ། སློབ་སྦྱོང་ཤུགས་ཆུང་དྲག་པ་དང་སློབ་སྦྱོང་ཕྱོགས་རེ་བ་ཆགས་ནས་ཆོས་ལུགས་གཞན་གྱི་ཐ་ན་དེབ་དང་དཔེ་ཆ་གཅིག་ཀློག་ཙམ་ཡང་མ་ཐུབ་པ་དང༌། རྒྱལ་རབས་དང་ཆོས་འབྱུང་བླ་མའི་རྣམ་ཐར་དེ་ཚོ་མཇལ་མ་ཐུབ་པའི་སྐྱོན་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་འདྲ། བླ་མ་གོང་མ་ཚོའི་རྣམ་ཐར་དང་དཀར་ཆག་དེ་ཚོ་མཇལ་དུས་དཔེ་མ་སྲིད་ཀྱི་ཕན་ཚུན་འབྲེལ་བ་ཆེན་པོ་ཡིན་པ་ཧ་གོ་གི་འདུག དཔེར་ན་རྙིང་མ་འདྲ་ཞིག་ཡིན་ན་ཕྱིས་སུ་བདུད་འཇོམས་དེ་སྤྱིར་ཆོས་ལུགས་རྙིང་མ་དང༌། སྒོས་སུ་བདུད་འཇོམས་ཀྱི་ཆོས་སྐོར་མ་གཏོགས་གཞན་དག་མི་དགོས་ཟེར་མཁན་གྱི་གྲས་འདྲ་ཞིག་ཆགས་བསྡད་ཡོད་པ་རེད་དེ། བདུད་འཇོམས་དམ་རྫས་ཀྱི་དཀར་ཆག་དེ་ཚོ་མཇལ་བཞག་པ་ཡིན་ན་དེའི་ནང་དུ་ཆོས་ལུགས་རིས་སུ་མ་མཆིས་པ་དཔེར་ན་རི་བོ་དགེ་ལྡན་པའི་མཁས་གྲུབ་གོང་མ་ཚོའི་ན་བཟའ་བྱིན་རླབས་ཧ་ལས་པ་བཞུགས་བསྡད་ཡོད་པ་དེ་ཚོ་མཇལ་ཡོང་དུས། དངོས་གནས་བསམ་བློ་ཁག་ཁག་བཏང་དགོས་ཡག་དེ་འདྲ་ཆགས་ཀྱི་འདུག སྤྱིར་བཏང་ཆོས་ལུགས་རིས་སུ་མ་མཆིས་པ་ལ་དག་སྣང་བྱས། བསྟན་པ་ལ་རྒྱ་ཆེན་པོས་ཞབས་ཕྱི་ཞུས། སེམས་ཅན་གྱི་དོན་ཡང་བྱེད་ཐུབ་ན་ཡག་པོ་ཡིན་པ་བཤད་མ་དགོས་པ་རེད། དེ་ལྟར་བྱེད་མ་ཐུབ་ནའང་རང་གི་ཉམས་ལེན་ཙམ་ཞིག་ཡིན་ནའང༌། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་དེ་རང་དང་གཞན་གྱི་ཕྱོགས་ལ་ཆགས་པ་དང་སྡང་བ་གཉིས་སྤང་ཡག་དེ་ཉམས་ལེན་གྱི་གནད་ཆེ་ཤོས་ཤིག་ཡིན་དུས། རང་རང་སོ་སོ་ལ་ཁེ་ཕན་ཡོད་པ་གོར་མ་ཆག་པ་ཞིག་རེད། ཐ་ན་ཆོས་མ་ཡིན་པ་འཇིག་རྟེན་སྐྱ་བོ་ཚོས་ཀྱང་བོད་ཀྱི་རིག་གཞུང་དང་བོད་ཀྱི་སྤྱི་ཚོགས་ལ་ཤ་ཞེན་གྱི་སྟེང་ནས་སྐད་ཆ་བཤད་བཞག་པ་ཡིན་ནའང༌། ཆོས་ལུགས་རིས་མེད་ལ་དག་སྣང་དང་དོ་སྣང་སེམས་འཁྲལ་བྱེད་ཡག་དེ་ཚོ་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱབ་ཡག་ལ་གལ་ཆེ་ཤོས་ཤིག་གཏན་གཏན་ཆགས་ཀྱི་རེད་ཅེས་དྲན་གྱི་འདུག།སྒེར་སོ་སོ་ཞིག་གི་བསམ་བློ་གུ་ཡངས་པོ་དང་རྒྱ་ཆེན་པོ། བསམ་བློའི་ནུས་ཤུགས་དེ་ཡར་རྒྱས་བཏང་དགོས་ཀྱི་ཡོད་ནའང༌། བློ་གཟུ་བོར་གནས་པ་བྱས་ནས་སློབ་སྦྱོང་དང་དོ་སྣང་བྱེད་ཡག་དང༌། རང་རང་སོ་སོ་རྐྱང་པ་ཡག་པོ་ཡིན་སྣང་ཤར་བསྡད་པ་ལས་ཐ་ན་གཞན་ལའང་ཡག་པོ་ཡོད་རྒྱུ་རེད་ད་བསམ་པའི་བསམ་བློ་ཙམ་ཞིག་གཏོང་ཐུབ་པ་ཡིན་ནའང་ཤེས་ཚད་དང་བསམ་བློ་གཏོང་སྟངས་ཀྱི་ནུས་པ་དེ་ཚོ་གཏན་གཏན་ཡར་རྒྱས་འགྲོ་གི་རེད།
དྲི་བ་གཉིས་པ།
དེང་སང་རིས་མེད་ཀྱི་གོ་དོན་ནམ་ཚད་བཞག་དུས་འགྲེལ་བཤད་སྣ་ཚོགས་ཤིག་རྒྱབ་བཞིན་འདུག་པས་སྐུ་ཉིད་ནས་རིས་མེད་ཀྱི་གོ་དོན་ནམ་ཚད་དེ་གང་འདྲ་ཞིག་ལ་དགོངས་ཀྱི་ཡོད་ལགས།
ལན།
སྤྱིར་བཏང་རིས་མེད་ཟེར་མཁན་དེ་གོང་དུ་ཞུས་པ་ནང་བཞིན། ང་རང་ཚོའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་གྱི་སྙིང་པོ་དེ་ག་ཚོད་ཡིན་ནའང་དང་པོར་ཉོན་མོངས་པ་མགོ་གནོན། ཐ་མར་དྲུང་ནས་ཕྱུངས་ཡག་དེ་ཉམས་ལེན་གྱི་སྙིང་པོ་ཞིག་ཆགས་བསྡད་ཡོད་པ་རེད། བྱས་ཙང༌། སངས་རྒྱས་ཀྱིས་གསུངས་བཞག་པའི་ཆོས་དེ་དངོས་གནས་དཔྱིས་ཕྱིན་པ། ཁ་ཡོད་ལག་ཡོད་ཉམས་སུ་ལེན་ན་ག་རེ་ཉམས་སུ་ལེན་པ་ཡིན་ནའང་དེ་རིས་མེད་ཆགས་པ་རེད་ཅེས་དྲན་གྱི་འདུག དེ་མ་ཡིན་པའི་རིས་མེད་ཀྱི་ཆོས་ལུགས་ཞེས་གསར་པ་ཞིག་བཟོ་དགོས་ཀྱི་ཡོད་ན། རིས་མེད་ཀྱི་དམིགས་ཡུལ་དེ་མ་གྲུབ་པ་ནང་བཞིན་གཅིག་རེད། ཆོས་ལུགས་ཀྱི་ཕྱོགས་རིས་ཀྱི་སྐྱོན་ཆ་ཆེ་ཤོས་ཤིག་ནི་རང་མཐོང་རེད། དེ་ཡིན་དུས་རིས་མེད་ཀྱི་ཆོས་ལུགས་ཟེར་མཁན་ཞིག་བཙུགས་པ་ཡིན་ན། ངའི་ཆོས་ལུགས་རིས་མེད་ཡིན་ཟེར་ནས་རང་མཐོང་གསར་པ་མ་འདྲ་བ་དམིགས་བསལ་ཅན་ཞིག་སླེབས་བསྡད་ཡག་མ་གཏོགས། དངོས་གནས་རིས་མེད་ལ་དག་སྣང་སྦྱང་ཡག་དང་སེམས་ཁྲལ་བྱེད་ཡག་འདི་ཕལ་ཆེར་ཆགས་ཀྱི་མ་རེད་དྲན་གྱི་འདུག མཁྱེན་བརྩེ་དང་ཀོང་སྤྲུལ་ཟེར་མཁན་འདྲ་བོ་དེ་ཚོའི་གྲས་དེ་རིས་མེད་ཀྱི་བླ་མ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་དུས་རིས་མེད་ཅེས་ལབ་དགོས་ཡག་གི་རྒྱུ་རྐྱེན་འདྲ་བོ་དེ་ང་རང་གོ་ཐོས་ལ་ག་འདྲ་འདུག་བསམ་ན། མཁྱེན་བརྩེ་འདྲ་ཞིག་ལ་ཆ་བཞག་པ་ཡིན་ན། མཁྱེན་བརྩེ་དབང་པོ་དེ་གདན་ས་ས་སྐྱ་པ་རེད། དངོས་གནས་བྱས་ན་བཀའ་བརྒྱུད་རྙིང་པ་བོན་དང་བཅས་པ་ལ་ཇུས་ཏོག་བྱེད་དགོས་ཡག་རྩ་བ་ནས་མེད་རེད། ཡིན་ནའང་ཆོས་རྒྱུད་ཉག་ཕྲ་བོ་དེ་ཚོ་ཉམས་འགྲོ་གི་འདུག དེ་ཚོ་ཉམས་ན་དཔེ་ཕངས་པོ་བྱེད་ས་རེད་དགོངས་ནས་དཀའ་བ་མང་པོ་དཔྱད་ནས། དབང་ལུང་གི་རྒྱུན་དང་དཔེ་རྒྱུན་ཟེར་མཁན་དེ་ཚོ་ཚུར་རུག་རུག་བྱས། བླ་མ་མང་པོ་བསྟེན། བླ་མ་མང་པོ་བསྟེན་པ་ཙམ་ཞིག་མ་ཡིན་པར། དེ་ཚོས་གསུངས་བཞག་པའི་ཆོས་དེ་རང་གིས་ཀྱང་ཉམས་སུ་ལེན་གཞན་ལའང་འཆད་སྤེལ་བྱས། སྤར་བསྐྲུན་དང་སློབ་མ་སྐྱོང་ཡག་དེ་འདྲ་གནང་བ་རེད།དེ་ག་ནང་བཞིན་གྱི་འཇམ་མགོན་ཀོང་སྤྲུལ་ལ་ཆ་བཞག་པ་ཡིན་ན། ཁོང་བཀའ་བརྒྱུད་པ་རེད། དེ་ཡིན་དུས་རྙིང་མ་ལ་ཇུས་ཏོག་བྱེད་དགོས་ཡག་མེད་རེད། ཡིན་ནའང་རྙིང་མ་པ་ཁ་ཤས་ཀྱིས་བསམ་བློ་གཏོང་ཤེས་ཀྱི་ཡོད་པ་ཡིན་ན་མེད་པ་ཡིན་ན། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་གསང་སྔགས་རྙིང་མ་པའི་བསྟན་པ་ལ་བྱ་བ་ཆེན་པོ་ཞེ་དྲག་བྱས་ཡོད་པ་རེད། དཔེར་ན་རིན་ཆེན་གཏེར་མཛོད་འདྲ་ཞིག་ཡིན་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་འདྲ་མེད་ན་ཕལ་ཆེར་མེད་ཟེར་ནའང་ཆོག་གི་ཡོད་པ་རེད། འོ་དེ་ག་ནང་བཞིན་འཇམ་མགོན་བློ་གཏེར་དབང་པོ་ས་སྐྱ་པ་རེད། ཁོང་ཆོས་ལུགས་གཞན་དག་ཚོ་ལ་ཇུས་ཏོག་གནང་དགོས་ཡག་དེ་རྩ་ནས་ཡོད་པ་མ་རེད་དེ། ཡིན་ནའང་རྒྱུད་སྡེ་ཀུན་བཏུས་འདྲ་བོ་ཞིག་མཇལ་བཞག་པ་ཡིན་ན། དེའི་ནང་ལ་ད་ལྟ་དགེ་ལུགས་དང་བཀའ་བརྒྱུད་དང་རྙིང་མའི་ཕྱོགས་ལ་བཞུགས་པའི་བརྒྱུད་སྡེ་དེ་ཚོ་མང་ཆེ་བ་བསྡུ་རུག་གནང་ཡག་དེ་ཁོང་གིས་གནང་བ་རེད། དེ་ཡིན་དུས་འཇམ་མགོན་མཁྱེན་ཀོང་རྣམ་པ་ཚོ་ལ་རིས་མེད་ཀྱི་བླ་མ་ཞེས་མཚན་དོན་མཐུན་པར་ཞུས་ན་འགྲིགས་ཀྱི་ཡོད་པ་འདྲ། དེང་སང་ཕལ་ཆེ་བས་རིས་མེད་ཟེར་མཁན་དེ་སྲིད་དོན་གྱི་ཀུན་སློང་ཞིག་གཞིར་བཟུང་ནས་རིས་མེད་མ་ཡིན་ནའང་རིས་མེད་ཡིན་མདོག་བྱས་པ་དེ་འདྲ་ཡོད་པ་རེད། དེ་ཚོ་ཡག་པོ་མ་རེད་བསམ་གྱི་འདུག
དྲི་བ་གསུམ་པ།
སྤྱིར་འཛམ་བུ་གླིང་ནང་ཡེ་ཤུ་དང་ནང་པ་མཚོན་པའི་ཆོས་ལུགས་ཆེ་ཁག་བར་རིས་མེད་ཡོང་བར་སྤང་བླང་ཅི་ཞིག་བྱ་དགོས།
ལན།
སྤྱིར་བཏང་ཡེ་ཤུ་དང་ཁ་ཆེ་ཧིན་དྷུ་དེ་ཚོ་དང་ཕར་ཚུར་རྩོད་ལན་བྱེད་ཡག་དང༌། དངོས་སུ་འཐབ་འཛིང་བྱེད་ཡག་དེ་ཚོ་མེད་ན་ཡག་གི་རེད། དེའི་ནང་ནས་ཀྱང་འཚེ་བ་མེད་པ་དང་བྱམས་སྙིང་རྗེའི་སྐད་ཆ་བཤད་མཁན་གྱི་ཆོས་ལུགས་ཚོ་ཕར་ཚུར་གཅིག་གིས་གཅིག་ལ་བརྩི་བཀུར་བྱས་ན་ཡག་པོ་རེད། ཡིན་ནའང་ད་ལན་ང་རང་ཚོ་འདིར་རིས་མེད་ཀྱི་སྐད་ཆ་འདི་
བཤད་པའི་སྐབས་ཡེ་ཤུ་དང་ཁ་ཆེ་ཧིན་དྷུ་ཚོ་ང་ཚོའི་རིས་མེད་ཀྱི་གྲས་ལ་ངས་བཙུགས་ཀྱི་མེད། ཡེ་ཤུའི་བསྟན་པ་དེ་ཉམས་འགྲོ་ནའང་ང་ལ་ཞེ་དྲག་སེམས་འཁྲལ་གང་ཡང་མི་འདུག ཁ་ཆེའི་བསྟན་པ་དེ་ནུབ་འགྲོ་ས་རེད་བསམ་པའི་སེམས་འཁྲལ་ཡང་ཡོང་གི་མི་འདུག ཧིན་དྷུའི་ཆོས་ལུགས་དེ་ཚོ་ཉམས་འགྲོ་བ་ཡིན་ན་རིག་གཞུང་རྙིང་པ་ཧ་ལས་པ་ཞིག་ཉམས་འགྲོ་ས་རེད་ཅེས་མཚམས་མཚམས་དྲན་སྲིད་ན་སྲིད་ཀྱི་རེད་མ་གཏོགས་བསམ་བློའི་ནང་ལ་ཞེ་དྲག་ཞེ་དྲག་འཁོར་གྱི་མི་འདུག ཡིན་ནའང་སྤྱིར་བཏང་གོང་དུ་ཞུས་པ་ནང་བཞིན་འཐབ་རྩོད་མེད་པ་དེ་འདྲའི་སྟེང་ལ་ག་ཚོད་ཡིན་ནའང་སྡོད་ཨེ་ཐུབ་ལྟ་དགོས་རེད།
དྲི་བ་བཞི་པ།
བྱེ་བྲག་ཏུ་འབར་མ་དང༌། ཤྲི་ལཱན་ཁ། ཝེ་ཏི་ནམ། ཐེ་ཝེན། རྒྱ་ནག་མཚོན་པའི་ནང་པའི་
ཐེག་པ་གོང་འོག་བར་རིས་མེད་ཡོང་བར་ཆ་རྐྱེན་ཅི་ཞིག་ཚང་དགོས།
ལན།
བོད་ཀྱི་ནང་བསྟན་མ་ཡིན་པའི་ཆོས་རྒྱུད་རི་བིང་དང་རྒྱ་ནག་དང་ཐའི་ལེན་དེ་ཚོ་ལ་ཡོད་པ་དེ་ཚོ། དངོས་གནས་ནང་པ་སངས་རྒྱས་པའི་རྗེས་འཇུག་གཅིག་ཡིན་པའི་ཆ་ནས་འཛིན་སྐྱོང་སྤེལ་གསུམ་ལ་སོགས་པའི་བྱ་བ་དེ་བྱེད་མ་ཐུབ་ནའང་དེ་ཚོའི་གྲས་དེ་ཉམས་ན། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གདུལ་བྱ་དབང་པོ་དང་ཁམས་སོ་སོ་ལ་གསུངས་པའི་ཐབས་མཆོག་ཏུ་གྱུར་པ་དེ་འདྲ་ཞིག་ཉམས་འགྲོ་བ་ཡིན་དུས་གཏན་གཏན་ཕངས་པོ་རེད་ཅེ་བསམ་གྱི་འདུག དེ་ཡིན་དུས་ང་འདྲ་ཞིག་ལ་ཆ་བཞག་པ་ཡིན་ན། དེ་ཚོའི་སྐུ་མདུན་ནས་ཆོས་ཞུས་ཉམས་སུ་ལེན་གཞན་ལ་འཆད་སྤེལ་བྱེད་ཡག་དེ་འདྲ་ཡོང་གི་མ་རེད། ཡིན་ནའང༌། དེ་ཚོ་ཡོད་སའི་སྒྲིག་འཛུགས་དང་དགོན་པ་དེ་ཚོའི་ནང་གང་ས་ཅི་ཐད་ནས་རོགས་པ་བྱེད་ཀྱི་ཡོད། དེ་རྣམས་ལ་སྐབས་མཚམས་གྱོང་གུན་ཆེན་པོ་ཡོང་ཡག་དང་གནས་ཚུལ་སྡུག་པོ་དེ་འདྲ་ཡོང་དུས། ང་ཚོ་ནང་པའི་ངོ་བོ་ནས་སེམས་པ་འཕངས་པོ་དེ་འདྲའང་ཡོང་གི་འདུག དཔེར་ན་ཤྲཱི་ལངྐའི་དགེ་སློང་མཁས་པ་དེ་འདྲ་ཞིག་དགོངས་པ་རྫོགས་ཤོར་བ་ཡིན་ན། ང་ཚོའི་བོད་བརྒྱུད་ནང་བསྟན་གྱི་མཁན་པོ་དགེ་བའི་བཤེས་གཉེན་བླ་མ་སྤྲུལ་སྐུ་དེ་ཚོས་ཐུགས་ཕམ་གནང་ན་གནང་འོས་པ་ཞིག་རེད། རི་བིང་དང་རྒྱ་ནག་གི་དགོན་པ་དང་ནང་ཆོས་ཉམས་ལེན་བྱེད་མཁན་རྒྱ་ནག་གི་བླ་མ་དེ་
འདྲ་དབུ་འཕང་མཐོ། མཛད་པ་ཕྲིན་ལས་རྒྱས་བསྟན་པ་ལ་བྱ་བ་བྱས་པ་ཡིན་ན། ང་ཚོ་བོད་པའི་བླ་མ་སྤྲུལ་སྐུ་གྲྭ་པ་སོགས་ཀྱིས་ཀྱང་ནང་པ་ཞིག་ཡག་པོ་ཆགས་ཀྱི་ཡོད་པའི་ཆ་ནས་དགའ་བ་དང་རྗེས་སུ་ཡི་རང་བྱེད་ཡག་དང༌། འབར་མ་དང་ཤྲཱི་ལངྐ་དེ་ཚོ་ལ་སྲིད་ཇུས་ཀྱི་རྙོག་གྲ་དེ་འདྲ་བྱུང་བའི་རྐྱེན་གྱིས་དགེ་འདུན་པ་ཚོས་མཛད་སྤྱོད་མ་རུངས་པ་བྱས་པའི་གཏམ་ཐོས་པ་དང༌། དྲྭ་རྒྱ་དང་ཚགས་པར་དེ་འདྲའི་ནང་ལ་མཐོང་དུས་དངོས་གནས་ཁ་ཞེ་གཉིས་མེད་ཀྱིས་ཡག་པོ་མ་རེད་ཅེས་བསམ་དགོས་ཀྱི་རེད།
དྲི་བ་ལྔ་པ།
བོད་བརྒྱུད་ནང་བསྟན་འདི་དེང་རབས་འཛམ་བུ་གླིང་གི་ནང་ཧ་ཅང་དར་ཁྱབ་ཆེན་པོ་ཞིག་འགྲོ་བཞིན་པ་དང་དུས་མཚུངས་བཟང་གྲགས་དང་ངན་གྲགས་གཉིས་ཀྱང་བང་རྩལ་འགྲན་པ་ལྟ་བུར་ཞིག་སྤྱོད་བཞིན་པར་རྟེན། ཆོས་འདི་འཇིག་ཉེན་ཆེ་ཤོས་དེ་གང་ཞིག་གཟིགས་སོང༌། དེ་ལ་གདོང་ལེན་ཇི་ལྟར་བྱ་དགོས་སམ།
ལན།
བོད་བརྒྱུད་ནང་བསྟན་དེ་ཉམས་རྒུད་ཡོང་ཡག་རྐྱེན་གཙོ་བོ་ཞིག་ནི། སེམས་ཅན་གྱི་བསོད་ནམས་ཟད་པ་དེ་ལ་བརྟེན་ནས་ཡོང་གི་ཡོད་པ་ལོས་ཡིན། གཙོ་ཆེ་བ་སངས་རྒྱས་རང་གིས་གསུངས་པ་ནང་བཞིན་ཕྱི་ལོག་ནས་དམག་དང་འཐབ་རྩོད་ས་གཡོས་མེ་དགྲ་ལ་སོགས་པ་དང༌། ཆབ་སྲིད་འཕོ་འགྱུར་དེ་འདྲའི་དབང་གིས་སྤྱིར་ནང་ཆོས་དང་དེའི་ནང་ནས་ཀྱང་དོན་
གྱི་བསྟན་པ་ལ་གནོད་འཚེ་འབྱུང་གི་མེད་པར་གསུངས་ཡོད་པ་དེ་གཏན་གཏན་ཡིན་ས་རེད། ཐོས་བསམ་དེ་ཚོ་ག་ཚོད་ཡིན་ནའང་ཉུང་ཉུང༌། ཐོས་བསམ་ནང་ནས་ཀྱང་སྒོམ་པ་ཉམས་སུ་ལེན་ཡག་དེ་ཕལ་ཆེར་མེད་པ་ནང་བཞིན་ཆགས། དེ་ཚོ་ལ་བརྟེན་ནས་བོད་ཀྱི་ཆོས་རྒྱུད་དེ་ཉམས་ཀྱི་ཡོད་པ་རེད། དེའི་སྟེང་ལ་ད་ལྟ་ང་ཚོ་རིས་མེད་ཀྱི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད་པའི་སྐབས་ཡིན་ཙང༌། ཆོས་ལུགས་ཕྱོགས་རིས་ཆགས་སྡང་དེ་འདྲའི་དབང་གིས་གཏན་གཏན་ཉམས་རྒུད་ཡོང་གི་རེད་དྲན་གྱི་འདུག དེ་ནས་ཁྱད་མཚར་པོ་ཞིག་ལ་ང་ཚོའི་དུས་རྒྱུན་དཔལ་འབྱོར་དང་མཁོས་ཀ་དེ་དཔེ་གནད་འགག་ཆེན་པོ་ཡིན་ཟེར་གྱི་ཡོད་པ་རེད། ཕྱོགས་གཅིག་ནས་ཡིན་ཡང་ཡིན་པ་རེད། ཡིན་ནའང་ཕྱོགས་གཅིག་ནས་དཔལ་འབྱོར་ཟེར་མཁན་དེས་ཀྱང་ནང་པ་སངས་རྒྱས་པའི་ཆོས་དེ་ཉམས་རྒུད་བཏང་བསྡད་པའི་བཟོ་ལྟ་ནང་བཞིན་མཐོང་གི་འདུག ང་འདྲ་བོ་བླ་མ་སྤྲུལ་སྐུ་གྲྭ་པ་གྲྭ་རྐྱང་དེ་ཚོ་ཡང་དཔལ་འབྱོར་རྐྱང་རྐྱང་གི་དོན་དག་ལ་བསམ་བློ་རྒྱ་ཆེན་པོ་བཏང་བ་དེ་འདྲ་ཞིག་ཆགས། ཐོས་བསམ་དང་སྒོམ་པ་ཉམས་ལེན་དེ་འདྲའི་སྐོར་ལ་ཞེ་དྲག་གི་དོ་སྣང་ཆུང་ཆུང་ཆགས། དཔལ་འབྱོར་གྱི་དོན་དག་ལ་སྦྱིན་བདག་དེ་ཚོ་ངོས་ལེན་བྱེད་ཡག་དང༌། སྦྱིན་བདག་གི་བསམ་པ་ཁ་སྐོང་ཡག་དང་དེ་འདྲ་དཔེ་ཤུགས་ཆེན་པོ་ཞིག་ཆགས། དེའི་རྐྱེན་གྱིས་ཕྱོགས་རིས་ཀྱང་ཆེ་རུ་ཕྱིན་པའི་རྒྱུ་མཚན་གྱིས་བོད་ཀྱི་ཆོས་རྒྱུད་དེ་ཉམས་འགྲོ་གི་རེད་དྲན་གྱི་འདུག འདི་ལ་གདོང་ལེན་བྱེད་ཡག་གི་ཐབས་ཤེས་གཙོ་བོ་ནི། ཆོས་ཟེར་མཁན་དེ་གཟི་བརྗིད་དང་སྙན་གྲགས་ཆེན་པོ་ཆགས་ཡག་དང༌། ཆོས་སྡེ་དང་གྲྭ་ཚང་ཆེན་པོ་བཙུགས་ཡག་ཙམ་ཞིག་མ་ཡིན་པར་ག་ཚོད་ཡིན་ནའང་སྤྱི་སྒེར་གཉིས་ཀྱིས་ཐོས་བསམ་དང་ཉམས་ལེན་དེ་བྱེད་ཐུབ་པ་ཡིན་ན་གདོང་ལེན་ཐབས་ཤེས་ཡག་ཤོས་རེད། དེ་མ་ཡིན་པའི་ཐབས་ཤེས་གཞན་དགོན་པའི་དཔལ་འབྱོར་སྒྲིག་འཛུགས་སོགས་ཕྱི་གསལ་ནང་གསལ་བྱེད་ཡག དབུ་ཁྲིད་དང་བདག་སྐྱོང་དང་འཛིན་སྐྱོང་དེ་ཚོ་དེང་སང་གི་ཡུལ་དུས་དང་བསྟུན་ནས་ག་ཚོད་ཡིན་ནའང་བྱེད་ཨེ་ཐུབ་ལྟ་ཡག དེ་ག་ནང་བཞིན་གྱི་ཆོས་དང་འཛིན་སྐྱོང་གི་སློབ་སྦྱོང་དེ་ཚོའང་ཡུལ་དུས་དང་བསྟུན་ནས་བྱེད་ཐུབ་ཡག་དེ་ཚོས་ཅུང་ཟད་རེ་ཕན་ཡོང་བསམ་གྱི་འདུག
དྲི་བ་དྲུག་པ།
ས་པན་ཁུ་དབོན་གཉིས་ཀྱིས་རིས་མེད་ཀྱི་བསྟན་པ་སྤྱི་ལ་ཧ་ལས་པའི་བཀའ་དྲིན་བསྐྱངས་འདུག་ཀྱང༌། ཁུ་དབོན་གཉིས་ཕེབས་རྗེས་སུ་ལོ་དགུ་བརྒྱ་ཙམ་གྱི་མཚམས་སུ་ཕག་གྲུ་དང་ས་སྐྱའི་བར་དུ་འགལ་ཟླ་ཆེན་པོ་ཞིག་བྱུང་བ་མཁྱེན་གསལ་ལྟར་རེད། ད་དུང་ཆོས་རྒྱུད་གཞན་དང་འགལ་ཟླ་བྱུང་བའི་ལོ་རྒྱུས་ཡོད་དམ། འགལ་ཟླ་དེ་དག་ད་ལྟའི་ཆར་ཞི་འཇམ་སོང་ཡོད་དམ། སོང་མེད་ན་དེ་དག་ཞི་འཇམ་ཡོང་ཐབས་གང་ཡོད།
ལན།
སྤྱིར་བཏང་ང་བོད་ཀྱི་ལོ་རྒྱུས་ལ་ཤེས་ཚད་དམའ་བོ་ཡིན། ཆོས་ལུགས་ནང་ཕན་ཚུན་འགལ་ཟླ་དང༌། དེའི་ནང་ནས་ཀྱང་ས་སྐྱའི་ཕྱོགས་དང་འགལ་ཟླ་དེ་འདྲ་ཐོན་ཡོད་པའི་ལོ་རྒྱུས་ཅུང་ཟད་གོ་སོང༌། ཡིན་ཡང་ད་ལྟའི་ཆར་འགལ་ཟླའི་གཞི་མ་དེ་ཚོ་ཡལ་ཟིན་པ་རེད། ཡིན་ནའང་ས་སྐྱ་རྐྱང་པ་ཞིག་མ་རེད། ཆོས་ལུགས་གཞན་ཚོས་སོ་སོའི་ཆོས་ལུགས་དེ་གསེར་སྦྱངས་གཙོ་མ་ལྟ་བུ་ཞིག་ཡིན་ཞེས་ཞལ་འཆེ་བཞིན་ཡོད་ཀྱང་ཆོས་ལུགས་ཕན་ཚུན་བར་འགལ་ཟླ་མ་ཐུག་པ་དེ་འདྲ་ཕལ་ཆེར་བྱུང་མེད་པ་ལྟ་བུ་རེད། ཆོས་དང་ཆོས་ལུགས་པ་གཉིས་ཟླས་ཕྱེས་ནས་ཆོས་ཟེར་མཁན་དེ་ཡག་པོ་ཞིག་ཡིན་ནའང་ཆོས་ལུགས་པ་ཟེར་མཁན་དེ་གང་ཟག་ཞིག་ཡིན་དུས། གང་ཟག་ཡག་པོའང་ཡོང་སྲིད་ཀྱི་རེད་ལ་སྡུག་པོའང་ཡོང་སྲིད་ཀྱི་རེད། དེ་ཡིན་དུས་སྔ་མའང་དེ་འདྲའི་གནས་ཚུལ་བྱུང་ཡོད་པ་རེད། ད་དུང་ཡིན་ནའང་བྱུང་དང་འབྱུང་བཞིན་པ་ཡོད་ཀྱི་རེད་དྲན་གྱི་འདུག ཡིན་ནའང་གཙོ་བོ་ཆོས་ལུགས་ཀྱི་འགལ་ཟླ་དེ། སྐུ་དབང་དང་དཔལ་འབྱོར་དེ་འདྲ་ལ་བརྟེན་ནས་མང་པོ་ཡོངས་དང་ཡོང་བཞིན་པ་རེད། དེང་སང་ས་སྐྱ་འདྲ་ཞིག་བྱས་པ་ཡིན་ན་དཔལ་འབྱོར་མཁོས་ཀ་དམན་པོ་ཞེ་དྲག་རེད། ཆོས་འཇིག་རྟེན་གཉིས་ཀའི་སྟེང་ནས་དབང་ཆ་དེ་གང་ཡང་མེད་རེད། དེ་ཡིན་དུས། དེ་འདྲའི་འགལ་ཟླ་ཐུག་ཡག་གི་རྒྱུ་རྐྱེན་ཕལ་ཆེར་མེད་པ་རེད། སྔ་མོར་དཔལ་ལྡན་ས་སྐྱའི་ཕྱོགས་འདྲ་ཞིག་ཡིན་ན་བོད་ཀྱི་རྒྱལ་པོ་གནང་མྱོང་བ་རེད། དེ་ཡིན་དུས་སྔོན་སྲིད་དོན་གྱི་དབུ་ཁྲིད་ཅིག་ཆགས་བསྡད་ཡོད་པ་རེད། སྲིད་དང་ཆོས་གཉིས་འདྲེས་ཚར་བའི་གཞུག་གུ་དེ་ལ། ཆོས་དང་སྲིད་གཉིས་ཀ་ལ་ཕན་ཚུན་གྱོང་འདྲ་ཞིག་ཡོང་གི་ཡོད་ས་རེད། སྲིད་ཀྱི་དབུ་ཁྲིད་གནང་བའི་སྐབས་དང༌། མ་གནང་ནའང་སྲིད་དང་འབྲེལ་བ་ཆེན་པོ་ཡོད་མཁན་གྱི་ཆོས་ལུགས་པ་སུ་འདྲ་ཞིག་ཡིན་ན། དེ་དང་དེའི་ཚེ་ལ་སྲིད་དང་འབྲེལ་བ་མེད་མཁན་གྱི་ཆོས་ལུགས་པ་གཞན་ལ་གཉའ་གནོན་དང་དབང་ཡོད་དེ་འདྲ་བཏང་བའི་ཚོར་སྣང་དེ་འདྲ་ཡོང་སྲིད་ཀྱི་རེད་དྲན་གྱི་འདུག དངོས་སུ་མ་གནང་ནའང་གནང་སོང་ཞེས་དྲན་སྲིད་ཀྱི་རེད། དཔེར་ན་དེང་སང་རྒྱ་གར་གི་དབང་བསྒྱུར་བྱེད་མཁན་གྱི་ཚོགས་པའི་སྲིད་བློན་མོ་དི་ཧིན་དྷུ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། དེ་ཡིན་དུས་ཆོས་ལུགས་གཞན་དག་ཚོས་མོ་དི་སྲིད་བློན་མ་བསྐོས་སྔོན་ནས་ཧིན་དྷུའི་ལྟ་བ་ཤུགས་ཆེན་པོ་ཆགས་ཀྱི་རེད་བསམ་པའི་དངངས་སྐྲག་ཅིག་སླེབས་པ་དེ་འདྲའི་སྐད་ཆ་བཤད་རྒྱུ་ཡོད། དེ་ག་ནང་བཞིན་གྱི་ཁ་ཆེའི་ལུང་པ་ནང་ལ་ཁ་ཤས་ཆོས་དད་རང་དབང་ཡིན་ཟེར་ནའང་གཞུང་ཁོ་རང་ཁ་ཆེ་ཡིན་ན། ཁ་ཆེ་མ་ཡིན་པའི་ཆོས་ལུགས་དེ་ཚོ་ལ་སེམས་འཚབ་འདྲ་ཞིག་སླེབས་བསྡད་ཀྱི་འདུག། དེ་ནང་བཞིན་དཔལ་ལྡན་ས་སྐྱ་པ་དེ་སྔོན་མ་བོད་ཀྱི་སྲིད་ཀྱི་དབུ་ཁྲིད་གནང་མྱོང་མཁན་ཞིག་ཡིན་དུས། དེའི་སྐབས་སུ་གཏན་གཏན་ལྟ་སྟངས་འདྲ་མི་འདྲ་ཡོང་སྲིད་པའང་རེད་དྲན་གྱི་འདུག དེང་སང་འདྲ་ཞིག་ཆ་བཞག་ན་གོང་དུ་ཞུས་པ་ནང་བཞིན་དཔལ་འབྱོར་དང་སྲིད་དབང་སོགས་གང་ཅིའི་ཐད་ནས་སྔོན་མ་ནང་བཞིན་ཤུགས་ཆེན་པོ་ཡོད་པ་མ་རེད། དེ་ཡིན་དུ་ཆོས་ལུགས་ཕྱོགས་འཐེན་གྱི་ངོ་བོ་ནས་འགལ་ཟླ་ཆེན་པོ་དེ་འདྲ་ཡོང་གི་ཡོད་རྒྱུ་མ་རེད་དྲན་གྱི་ཡོད། ཡིན་ནའང་རྒྱུད་ཉོན་མོངས་པའི་བདག་ཉིད་ཅན་གྱི་སེམས་ཅན་མང་པོ་ཞིག་ཡོད་ཙང་ཅུང་ཟད་རེ་ནི་གཏན་གཏན་ཡོང་གི་རེད་བསམ་གྱི་འདུག འགལ་ཟླའི་རིགས་དེ་ཞི་འཇམ་ཡོང་ཡག་གི་ཆེད་དུ་གཙོ་བོ་དགོན་པ་དང་བཤད་གྲྭ་སོགས་ཀྱི་དབུ་ཁྲིད་སྐུ་བགྲེས་པས་སློབ་གསོ་གནང་སྟངས། སློབ་གཉེར་གནང་མཁན་ཚོས་ག་ཚོད་ཡིན་ནའང་སློབ་སྦྱོང་ཐག་རིང་པོ་དང་རྒྱ་ཆེན་པོ་ཞིག་དམིགས་ཡུལ་དུ་བྱས། བློ་གཟུ་བོར་གནས་ནས་གནང་ཐུབ་པ་ཡིན་ན། ཕྱོགས་རིས་ཕྱོགས་འཐེན་དེ་ཅུང་ཟད་ཉུང་རུ་འགྲོ་གི་རེད་བསམ་གྱི་འདུག དབུ་ཁྲིད་རྣམ་པ་ཚོ་དང་ལས་བྱེད་པ་ཚོས་མང་ཚོགས་ལ་སློབ་གསོ་གནང་དུས་ང་ཚོ་ལས་ལྷག་ཙམ་མེད། ང་ཚོ་ཡག་ཤོས་ཡིན། ང་ཚོ་གཙང་ཤོས་ཡིན། དེ་འདྲ་བཤད་པའི་ལུགས་སྲོལ་ཞིག་ང་ཚོ་བོད་པ་ལ་ཡོད་པ་རེད། སྤྱིར་བཏང་ཆོས་ཀྱི་ཆེ་བ་ཟེར་མཁན་དེ་རང་རང་སོ་སོས་ཤེས་དགོས་པ་ཞིག་རེད། ག་རེ་རེད་ཟེར་ན་གདུལ་བྱ་སེམས་པ་མ་ཡེངས་ཡག་དང༌། ཕན་ཚུན་མགོ་མ་འཐོམ་ཡག་དེ་འདྲའི་ཆེད་དུ་རང་རང་སོ་སོའི་ཆོས་རྒྱུད་དང་གདམས་ངག་ལ་འདི་ལས་ལྷག་ཙམ་མེད། ཉམས་སུ་ལེན་པ་པོ་རང་ཉིད་ལ་འདི་ཡག་ཤོས་ཡིན་དེ་འདྲ་གསུང་ཡག་དེ་ཆོས་རྒྱུད་སྤྱི་ལ་ཡོད་པ་རེད། ཡིན་ནའང་དེའི་སྐབས་སུ་གཞན་དག་ཐམས་ཅད་སྡུག་པོ་རེད། གཞན་དག་ལ་ཡོད་པ་མ་རེད་ཅེས་གསུང་བ་མ་ཡིན་པ་ཞིག་དགོས་ཀྱི་ཡོད་ས་རེད།
དྲི་བ་བདུན་པ།
ས་སྐྱའི་ཕྱོགས་ནས་ཆོས་རྒྱུད་གཞན་གྱི་གདན་ས་དང་བཤད་གྲྭ་ཁག་ཏུ་གཞུང་ཆེན་སློབ་གཉེར་གནང་བ་དང་། གཞན་གྱིས་ཚུར་ས་སྐྱའི་ཕྱོགས་ནས་གཞུང་ཆེན་སྦྱང་སྲོལ་ཤུགས་ཆེར་བྱུང་ཡོད་དམ། ཆོས་རྒྱུད་ཕན་ཚུན་བར་གཞུང་ཆེན་སློབ་གཉེར་གནང་རྒྱུ་དེ་ཅི་ཙམ་གལ་ཆེན་པོར་གཟིགས་ཀྱི་འདུག ཕན་ཚུན་གཞུང་ཆེན་ཁག་གཟིགས་ན་གཟིགས་སྟངས་གང་འདྲ་ཞིག་བྱས་ནས་གཟིགས་ན་ལེགས་སམ།
ལན།
ས་སྐྱའི་ཕྱོགས་ལ་སྤྱིར་བཏང་ཆོས་རྒྱུད་གཞན་དག་གི་གཞུང་ཆེན་གཟིགས་ཡག་གི་ལུགས་སྲོལ་མེད་པ་ཡིན་ས་མ་རེད། དཔེར་ན་ང་ཚོ་རྫོང་སར་བཤད་གྲྭ་འདྲ་ཞིག་ཡིན་ན་གཞུང་ཆེན་གྱི་གཞི་རྩ་འདྲ་ཞིག་མ་སོང་ན། རྫོགས་ཆེན་མཁན་པོ་གཞན་དགའི་མཆན་འགྲེལ་གྱི་སྟེང་ནས་གཞིར་བཞག་གི་ཡོད་པ་རེད། ཡིན་ནའང་ངས་བསམ་དུས་ས་སྐྱ་རྐྱང་པ་མ་རེད། ཆོས་ལུགས་སུ་ཡིན་ནའང༌། ཆོས་ལུགས་གཞན་གྱི་ཡིག་ཆ་དེ་བསླབ་པ་སློབ་གཉེར་གནང་དུས། ལམ་སང་སྔ་རྒོལ་ཞིག་ཡིན་པའི་ཁུལ་དང་སྐྱོན་འདྲ་ཞིག་འཚོལ་ནས་སློབ་སྦྱོང་བྱེད་ཡག་གི་གོམས་གཤིས་ཤིག་ཡོད་ས་རེད་དྲན་གྱི་འདུག དེ་ནང་བཞིན་བྱས་བཞག་པ་ཡིན་ན་སློབ་སྦྱོང་ཡོང་གི་མ་རེད་དྲན་གྱི་འདུག དཔེར་ན་ང་འདྲ་ཞིག་ཆ་བཞག་པ་ཡིན་ན་སྔོན་མ་ཁ་ཆེ་དང་ཡེ་ཤུའི་དེབ་དེ་ཚོ་ཀློག་དུས་ཕྱོགས་རིས་ཡོད་པ་དེས་ཡིན་ས་རེད། སེམས་ཏིང་ནས་སྐྱོན་ཞིག་འཚོལ་ནས་ཀློག་འགྲོ་མཁན་ནང་བཞིན་བྱེད་ཀྱི་འདུག ཕྱིས་སུ་ཧིན་དྷུ་དང་གཅེར་བུ་པའི་ཆོས་ལུགས་དེ་ཚོ་ལ་དངོས་གནས་ཧ་ལས་པ་དང་ཕུལ་དུ་བྱུང་བའི་རིགས་ལམ་དང་བཤད་རྒྱུ་དེ་འདྲ་ཡོད་ཀྱི་རེད་ད་བསམ་ནས། དང་པོ་ཁོ་རང་ནས་དེབ་ཀློག་ཡག་གི་ཀུན་སློང་དེ་ཧིན་དྷུའི་དེབ་དེའི་ནང་ལ་དངོས་གནས་མ་འདྲ་བ་ཞིག་བཤད་ཡོད་ཀྱི་རེད་བསམ་པ་དེས་མིད་འགྲོ། ཧིན་དྷུ་དང་མུ་ཏིག་གཅེར་བུ་པའི་བསྟན་བཅོས་དེ་ཚོ་ཀློག་དུས་ཞེ་དྲག་ཡག་པོ་འདྲ་ཞིག་མཐོང་སོང༌། སྤྱིར་བཏང་དབུ་ཁྲིད་རྣམ་པ་ཚོས་སློབ་གསོ་གནང་སྟངས་དང་ཐུགས་བསམ་བཞེས་སྟངས་དེ་རྒྱ་ཆེན་པོ་ཞིག་དགོས་པ་དཔེ་གལ་ཆེན་པོ་རེད། ཁ་རིག་ཁ་ཐུག་གི་སྲིད་དོན་དང་དཔལ་འབྱོར་ཐོབ་ཤོར་ཙམ་ཞིག་མ་ཡིན་པར་ཆོས་ལུགས་ཡོད་པ་དང་མེད་པ་གཉིས་ཀྱི་ནང་ནས་ཡོད་པ། ཆོས་ལུགས་ཡོད་པའི་ནང་ནས་ཀྱང་ནང་པ་དང་ནང་པ་མ་ཡིན་པ་གཉིས་ཟླས་ཕྱེས་ནས་ནང་པ་སྤྱི་ལ་བསམ་བློ་བཏང་ཡག་དེ་གལ་ཆེན་མིན་འགྲོ་དྲན་གྱི་འདུག
/