༧གོང་ས་༧སྐྱབས་མགོན་ཆེན་པོས་རིས་མེད་མཐུན་ཚོགས་ལ་ཆེད་དུ་བསྩལ་བའི་བཀའ་སློབ།
ཐེངས། 2238 བཀླགས་འདུག
༄༅། །ཕྱི་ལོ་༢༠༡༧ ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་ཐེངས་༣༤ བསྩལ་སྐབས་༸སྤྱི་ནོར་གོང་ས་ལྷ་མིའི་རྣམ་འདྲེན་གང་གིས་རྒྱལ་སྤྱིའི་བོད་བརྒྱུད་རིས་མེད་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བགྲོ་གླེང་ལ་ཆེད་དུ་བསྩལ་བའི་བཀའ་སློབ།
།
ཨ་མི་རི་ཀར་ཡོད་བསྡད་པའི་གངས་ཅན་གྱི་ཆོས་བརྒྱུད་རིས་མེད་མཐུན་ཚོགས་ཤིག་ཡོད་ཡིན་པ་རེད། སྤྱིར་ཡོངས་ཀྱི་ཐོག་ནས་གངས་ཅན་གྱི་ཆོས་བརྒྱུད་རིས་མེད་ཚོ་ཐུགས་མཐུན་ཁྲིམས་གཙང་ཡག་ཐག་ཆོད་ཡོད་རེད། ད་དུང་ཡིན་ཡང་ཉམས་པ་སོར་ཆུད་མི་ཉམས་མི་གོང་འཕེལ་གྱི་ཆེད་དུ་ཚོགས་འདུ་ཞིག་འཚོག་ཡ་ཡིན་པ་རེད། ཐོག་མར་ཁྱེད་རང་ཚོའི་ཚོགས་འདུ་འདིའིི་ཐོག་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ང་རང་ཚོ་མཉམ་དུ་འཚོགས། ཨ་ནས་གཅིག་གིས་གཅིག་ལ་ངོ་ཤེས་ཆགས། གཅིག་གིས་གཅིག་ལ་སེམས་ཐག་ཉེ་པོ་ཆགས་ཡོང་ན་ཐུགས་མཐུན་ཁྲིམས་གཙང་ཡོང་ཡ་གཙོ་བོ་དེ་རེད་བཞག རེད་པཱ། རྒྱུན་དུ་གཅིག་གིས་གཅིག་ལ་ངོ་ཤེས་ནང་ཚགས་བྱུང་བ་ཡིན་ན་རང་ཤུགས་ཀྱིས་ཐུགས་མཐུན་ཁྲིམས་གཙང་ཡོང་བསྡད་ཀྱི་རེད། དེ་སྔོན་བོད་ལ་ཆ་བཞག་པ་ཡིན་ན་ཐག་རིང་པོར་གྱེས་ཏེ་བསྡད་ཀྱི་ཡོད་རེད། དཔེར་ན་བདག་ཁྲི་རིན་པོ་ཆེ་ལྟ་བུར་མཚོན་ན་ས་ཐག་གྱེས་ཏེ་དུས་དུས་སུ་མ་གཏོགས་མཇལ་ཡ་ཡོང་གི་ཡོད་མ་རེད། ད་ང་ཚོ་རྒྱ་གར་དུ་གཅིག་ནས་བཙན་བྱོལ་དུ་སླེབས། གཉིས་ནས་ཕར་ཚུར་འགྲིམ་འགྲུལ་བདེ་པོ་ཆགས་ཡོང་དུས་ཡང་ཡང་མཇལ་ཡ་ཡོང་བསྡད་ཀྱི་ཡོད་རེད། ཨ་ནས་རང་ཤུགས་ཀྱིས་སེམས་ཐག་ཉེ་པོ་ཡོང་གི་འདུག་པཱ། ཁ་རྩང་ངས་རོབ་ཙམ་ཞིག་ཞུས་པ་ཡིན་པཱ། ས་དགེ་བཀའ་རྙིང་སོགས་སྔོན་གྱི་མཁས་པ་ཚོའི་གཞུང་དེ་ཚོ་བལྟས་བྱས། དོ་སྣང་བྱས་ཏེ་རྒྱུས་ཡོད་པར་བྱུང་ན་ཁྱད་པར་ཞི་དྲགས་ཡོད་རེད། གཞན་གསར་མ་དང་རྙིང་མ་ལབ་བྱས་གཅིག་གིས་གཅིག་ལ་འདྲེ་སླད་གཏན་མེད་པའི་བཟོ་འདྲ་པོ་བྱས་ནས་བསྡད་པ་ཡིན་ན་ཡག་པོ་ཁྱོན་ནས་ཡོད་མ་རེད། དཔེར་ན་རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཡིན་ན་རྙིང་མའི་དཔེ་ཆ་ཞིག་ཁང་པའི་ནང་ལ་བཞག་པ་ཡིན་ན་འགྲིག་གི་མ་རེད། དོ་རྒྱལ་ལྡན་གྱིས་གནོད་པ་བསྟན་གྱི་ཡོད་རེད་ཟེར་བཤད་སྲོལ་ཡོད་རེད་པཱ། དེ་འདྲའི་ལོ་རྒྱུས་བཤད་ཡ་འདུག་གཱ། དེས་བསྟན་པ་ལ་ཕན་གྱི་ཡོད་རེད་དམ་གནོད་ཀྱི་ཡོད་རེད་ཟེར་ན། ནང་ཚགས་མ་འཆམ་པ་ཡོང་བསྡད་ཀྱི་འདུག་ག། ད་དངོས་གནས་དྲང་གནས་གཅིག་གིས་གཅིག་ལ་ཐག་རིང་པོ་བྱས་བསྡད་ནས་བསྲེ་ལྷད་མེད་པ་ཡིན་ཟེར་བསྡད་ཡ་དེ་རླབས་ཆེ་གི་རེད་དམ། དཔལ་ན་ལེན་ཌ་ནས་བརྒྱུད་པ་གཅིག་གྱུར་ཡིན་བསྡད་མཁན། བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཡིན་བསྡད་མཁན་དེ་གའི་དེ། བོད་ལ་ཆ་བཞག་པ་ཡིན་ན། ས་དགེ་བཀའ་རྙིང་། ཇོ་ནང་དང་ཚང་མ་ལོ་གང་ལྟར་མདོ་སྔགས་ཟུང་འབྲེལ་གྱི་ཆོས་བརྒྱུད་གཅིག་པ་ཆགས་བསྡད་ཡོད་རེད། ལྟ་བའི་སྐོར་ཆ་བཞག་ན་ལྟ་བའི་ཡང་རྩེ་འདྲ་པོ་ཚང་མས་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་དེ་གཙོ་བོ་གནང་གི་ཡོད་རེད། ཆེ་ས་ནས་བསམ་བློ་བཏང་སྟེ་ང་ཚོ་ཉེ་པོར་བསྡད་པ་ཡིན་ན། ཞེས་དང་།ཚང་མ་ལོ་རྒྱུས་ཡོད་པ་བྱས་བསྡད་པ་ཡིན་ན་ཡག་པོ་འདུག་གཱ། མིང་མ་འདྲ་བ་ཞིག་ཡོད་པ་དེ་ཙམ་གྱིས་ཕྱོགས་རིས་འདྲ་པོ་བྱས་ནས་བསྡད་པ་ཡིན་ན་ཡག་པོ་ཡོད་མ་རེད། དཔེར་ན་ངོ་སྤྲོད་འདྲ་པོ་བྱེད་མཁན་གཅིག་དེ་དེ་རིང་ཁ་སང་ཨ་རབ་ལུང་པའི་ནང་ལོག་ལ་སྟོན་པ་མོ་ཧ་མེ་དཱའི་རྗེས་འབྲང་གཅིག་གྱུར། གཞུང་ཆ་བཞག་ན་ཀུ་རཱན་གཅིག་གྱུར་ཡིན་མཁན་གཅིག་གིས་ཤི་ཡ་དང་སུ་ནེ་བྱས་མིང་ཕྲན་བུ་མི་འདྲ་བ་དང་། ཕྱག་ལེན་ཕྲན་བུ་ཕྲན་བུ་མི་འདྲ་བ་དེ་ཙམ་གྱིས་ཐོག་ནས་འགལ་ཟླ་བྱེད་མཁན་དེ་འདྲའི་གནས་ཚུལ་ཡོང་བསྡད་ཀྱི་འདུག་གཱ། དེ་དང་དེ་འདྲ་བ་རེད། ཡེ་ཤུའི་ཆོས་པ་གཅིག་པུ་ཡིན་ནའང་ནང་གསེས་ཏོག་ཙམ་ཏོག་ཙམ་ཕྱག་ལེན་མི་འདྲ་བའི་ཁྱད་པར་ཡོད་པ་ཡིན་དུས་ཙ་ན་འཐེན་ཁྱེེར་བྱེད་པའི་བཟོ་འདྲ་པོ་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད། དེ་འདྲ་མཐོང་ཡོང་དུས་ང་རང་ཚོོས་བོད་དུའང་དེ་སྔོན་དེ་འདྲ་བྱས་ཡོད་རེད་དཱ། ཞ་མོ་ཚོན་གཞི་མི་འདྲ་བའི་ཐོག་ནས་གཅིག་གིས་གཅིག་ལ་འཁྲུག་པ་རྒྱབ་མཁན་བྱུང་ཡོད་རེད་དཱ། ཧ་ཧ་ཧ་ཧ་ དེ་འདྲ་ཡིན་དུས་མི་ལ་ནོར་འཁྲུལ་རེད་ཟེར་ལབ་པར་སྔོན་ལ་ང་རང་ཚོས་སྔ་མོར་ག་རེ་བྱས་པ་རེད་བསམ་བློ་བཏང་དུས་གཞི་ནས་དངོས་གནས་དྲང་གནས་གཟབ་གཟབ་བྱེད་དགོས་པ་རེད་བཞག་བསམ་པའམ་དྲན་ཡ་འདུག་གཱ། དེ་སྔོན་བོད་གངས་ཅན་ལྗོངས་སུ་རིས་མེད་ཟེར་ཕྱག་ལེན་གནང་མཁན་ཡོད་རེད། དཔེར་ན་དུས་ཕྱིས་ཁམས་སུ་མཁྱེན་བརྩེ་དབང་པོར་ཆ་བཞག་ན་དངོས་གནས་དྲང་གནས་རིས་མེད་གནང་གི་ཡོད་རེད། ངས་གསུང་ཆོས་ཞུས་པའི་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱིས་རིས་མེད་གནང་གི་ཡོད་རེད། འཇིག་རྟེན་ཆོས་བརྒྱད་བཟོ་འདྲ་པོར་བྱས་ནས་རིས་མེད་གནང་བ་མ་རེད། སྔ་མ་བོད་རང་ནས་དོ་སྣང་ཆེན་པོ་གནང་བྱས། དཔེར་ན་འཁྲུལ་ཞིག་རིན་པོ་ཆེ་བཟོ་འདྲ་པོ་ཆ་བཞག་ན་དེ་སྔ་བོད་རང་ནས་ལམ་རིམ་གསན། དེ་འདྲ་གནང་འདུག་གཱ། དེ་འདྲ་ཡིན་དུས་ཙ་ན་རིས་མེད་གནང་བའི་ཕྱག་སྲོལ་དེ་སྔར་བོད་རང་ནས་ཡོད་རེད། དེ་ག་ནམ་བཞིན་རྒྱལ་དབང་དགེ་འདུན་གྲུབ་པ་དེ་འདྲ་རེད་ལཱ། གཙོ་བོར་རྒྱལ་བ་དགེ་འདུན་རྒྱལ་མཚོར་ཆ་བཞག་ན་རིས་མེད་གནང་མཁན་ཞིག་རེད་འདུག་གཱ། བྱས་ཙང་དེ་འདྲ་ཡིན་དུས་གཡང་པ་ཆོས་རྗེས་མཛད་པའི་རྒྱལ་བ་དགེ་འདུན་རྒྱལ་མཚོའི་རྣམ་ཐར་ཞིག་གི་ནང་དུ། རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ། ཅེས་འབྲས་སྤུངས་ཀྱི་བླ་མ་ཞིག་བྱས་ནས་དབུ་ཞྭ་སེར་པོ་བཞེས་ཀྱི་ཡོད་རེད་དེ་རིས་མེད་གནང་མཁན་ཞིག་རེད་ཅེས་རྣམ་ཐར་ཁོ་རང་གི་ནང་དུ་འདུག་པཱ། དེ་འདྲ་ཡིན་དུས་རིས་མེད་གནང་བའི་ཕྱག་སྲོལ་དེ་བོད་རང་ནས་ཡོད་རེད།ད་ཞིབ་འཇུག་བྱེད་དགོས་རེད། ཤེས་སོང་ངམ། དངོས་གནས་བསྟན་པ་དང་འགྲོ་བ་ལ་ག་རེ་ཡག་པ་དེ་ང་ཚོས་མིག་དཔེར་བལྟ་དགོས་རེད། དེའི་རྗེས་སུ་ཞུགས་དགོས་རེད། སྦུགས་སུ་དོག་པོར་བྱས་ནས་བསྡད་ནས་ཡག་པོ་གང་ཡང་ཡོད་མ་རེད། ད་ལྟ་ཁྱེད་རང་ཚོས་ཚོགས་འདུ་འཚོག་གི་ཡོད་རེད། ཡག་པོ་ཞི་དྲགས་བྱུང་བཞག ཤེས་སོང་ངམ། ཐུགས་མཐུན་ཁྲིམས་གཙང་ཡོང་ཟེར་བ་དེ་ཚོགས་འདུ་འདྲ་ཞིག་འཚོགས། གྲོས་ཆོད་སྙིང་རྗེ་པོ་ཞིག་བཞག་པ་ཙམ་གྱིས་ཧ་ལས་རྒྱུ་གང་ཡོད་མ་རེད། ཁྱེད་རང་ཚོ་འདིར་མི་ཁྲི་ཁྲག་ཁ་ཤས་འཛོམས་བསྡད་ཡོད་རེད། གཙོ་བོར་དགེ་འདུན་པ་མང་པོ་ཞིག་སླེབས་བསྡད་ཡོད་རེད། ཁྱེད་རང་ཚོས་སེམས་ལ་ཞོག་ཨང་། ཁ་སེང་ལབ་ཡིན་ལ་ད་རིང་ལབ་འདུག་གི་ཡོད། གཙོ་བོར་གཞུང་དེ་ཚོ་ལྟོས། དགེ་ལུགས་པ་གཅིག་གིས་རྙིང་མའི་དཔེ་ཆ་ལ་རྙིང་དྲི་ཁ་གི་འདུག་ཅེས་ཕར་མ་བཞག་བར་བྱས། རྙིང་མ་པ་ཞིག་གིས་དགེ་ལུགས་ཀྱི་དཔེ་ཆ་ལ་བསེར་དྲི་ཁ་གི་འདུག་ཅེས་མ་བཞག་པར་བྱས། ལྟོས་དང་། དཔེ་ཆ་ལྟོས་དང་། དངོས་གནས་དྲང་གནས་ཀྱིས་བློ་སྐྱེད་ཡོང་གི་རེད། གར་ལྟར་བདེན་འཛིན་ལ་གཉེན་པོར་བསྟེན་པར་ཞེན་ཁོག་གི་ཐོག་ནས་བདེན་འཛིན་ལ་རོགས་བྱེད་ཀྱི་ཡོད་རེད་མ་གཏོགས་གནོད་ཀྱི་ཡོད་མ་རེད་དཱ། ཤེས་སོང་ངམ། གལ་ཆེ་ཤོས་དེ་ད་རིང་ས་གནས་འདི་གར་དངོས་སུ་ཕེབས་བཞུགས་མཁན་ཁྱེད་རང་ཚོས་ངས་ལབ་བཞག་པ་དེ་ཚོ་དགོངས་པར་ཆོངས། འོ་འདུག་ཟེར་གནང་ཤོག་ཨང་། འོ་ཡ་ཡ། བཀྲ་ཤིས་བདེ་ལེགས། །
༼ཟུར་མཆན།༽