༧དགའ་ལྡན་ཁྲི་ཐོག་ ༡༠༤ རིས་མེད་བཀའ་སློབ།
ཐེངས། 7288 བཀླགས་འདུག
༼དགའ་ལྡན་ཁྲིི་ཐོག་ ༡༠༤ བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་རིས་མེད་ཀྱི་དགེ་མཚན་གླེང་བ་ཞེས་པའི་བགྲོ་གླེང་གི་དབུ་འབྱེད་ཉིན་མོར་བསྩལ་བའི་རིན་བྲལ་གྱི་བཀའ་སློབ།༽
སྒྲ་ཕབ་པ། ཁྲིཿའགྱུར་མེད་རྡོ་རྗེ།
ཚོགས་འདུར་ཕེབས་པའི་ལུགས་གཉིས་མཁྱེན་རབ་ཀྱི་དབང་ཕྱུག་མཁས་དབང་བཀའ་བློན་ཁྲི་པ་མཆོག་གིས་དབུས། རིས་སུ་མ་འཆིས་པའི་བླ་མ་དགེ་བཤེས་དགེ་འདུན་འདུས་མང་དང་བཅས་པ་ལ་ངས་ད་རིང་ཚོགས་འདུ་འདིའི་ཐོག་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བ་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་དེ་ནས་ང་རང་ཚོ་ད་ལྟ་བར་དུ་རིས་སུ་མ་འཆིས་པའི་ཆོས་བརྒྱུད་སོ་སོའི་འཆད་ཉན་སྒོམ་སྒྲུབ་ཉམས་བཞེས་བྱེད་པ་མ་གཏོགས་ཆོས་ལུགས་ཕན་ཚུན་བར་ཕར་ཚུར་གྲོས་བསྡུར་བྱེད་རྒྱུ་དཔེ་མ་སྲིད་པ་དེ་འདྲ་བྱུང་ཡོད་མ་རེད། ཁྱེད་རང་ཚོ་ཨ་རིར་བཞུགས་མཁན་ཚོས་ཐུགས་ཁུར་ཆེར་བཞེས་གནང་བྱས་རིས་སུ་མ་ཆད་པའི་ཚོགས་པ་འདི་འདྲ་བཙུགས་ཏེ་ད་གིན་གསལ་བཤད་གནང་བ་ནང་བཞིན་ཕྱག་ལས་བསྟར་གནང་བྱས་པ་དཔེ་མི་སྲིད་པ་ཡག་པོ་རེད། རྒྱ་གར་ནང་ལའང་ཆོས་ཚོགས་འདི་འདྲ་བཙུགས་པ་ཐེངས་དང་པོ་རེད། དེ་སྔོན་རྩ་བ་ནས་འདི་འདྲ་བྱུང་ཡོད་མ་རེད། བོད་ནང་དུ་ཡིན་ནའང་དེ་འདྲ་དེ་འདྲ་རྗེས་ལུས་བསྡད་ཡོད་རེད། ང་ཚོ་ཕན་ཚུན་དམ་ཚིག་གཙང་མ་མེད་པ་ཡོད་མ་རེད་དེ། སོ་སོ་སོ་སོའི་ཆོས་ལུགས་གཙོ་བོ་བྱེད་པ་ཙམ་མ་གཏོགས་གཞན་དང་ཕན་ཚུན་གསན་བཞེས་དེ་ཙམ་གནང་ཡོད་མ་རེད། བྱས་ཙང་༸སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་རིམ་པ་བཞིན་དུ་གནང་བ་དང་། ལྷག་པར་དུ་ཁྱེད་རང་རྣམ་པ་ཚོས་ཐུགས་ཁུར་ཆེར་བཞེས་ཀྱིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚོགས་པ་འདི་འདྲ་བཙུགས་པའི་དགོས་པ་དེ་ག་རེ་རེད་ཟེར་ན་རང་རང་གི་བཤད་སྒྲུབ་འཆད་ཉན་མི་ཉམ་པར་བྱེད་པ་དང་། གོ་རྟོགས་ཙམ་མིན་པར། ༸སྐྱབས་མགོན་རིན་པོ་ཆེས་ཁ་ཙང་ཡང་བཀའ་གནང་སོང་། ནམ་རྒྱུན་ཡང་བཀའ་གནང་གི་ཡོད་རེད། ཕར་ཚུར་དམ་ཚིག་གཙང་མ་ཞིག་ཡོང་བ་ལ་གལ་ཆེ་ཤོས་དེ་ཆོས་བརྒྱུད་རིས་སུ་མ་ཆད་པའི་དཔེ་ཆ་ལ་གསན་གཟིགས་གནང་བྱས། དགེ་ལུགས་པ་ཡིན་ན་ས་སྐྱ་པའི་དཔེ་ཆ་གསན་བསམ་གནང་ཡ། དེ་བཞིན་རྙིང་མ་སོགས་དེ་ཚོ་ཚང་མའི་དཔེ་ཆར་གསན་མཛད། དེ་ལྟར་བྱས་ན་ཕན་ཚུན་དམ་ཚིག་གཙང་མ་ཡོང་གི་རེད། ནམ་རྒྱུན་ང་ཚོས་འདོན་གྱི་ཡོད་པ། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། ཞེས་རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ། ཞེས་གསུངས་འདུག་པ། དེ་ནམ་བཞིན་བྱས་ན་ང་རང་ཚོ་དངོས་གནང་དྲང་གནས་ཆོས་ལུགས་ཕན་ཚུན་བར་དམ་གཙང་དང་། རིས་སུ་མ་འཆིས་པའི་ཆོས་ལུགས་ལ་ཉམས་ལེན་གནང་མཁན་ཡོང་གི་རེད། ཚོགས་འདུ་འཚོག་ཙམ་འཚོག་ཙམ་གནང་བ་གཅིག་པུ་མིན་པར་ཕར་ཚུར་ཉམས་བཞེས་གནང་རྒྱུ་གལ་ཆེན་པོ་ཞེ་དྲགས་ཆགས་ཡོད་རེད། དེ་འདྲའི་ཐོག་ལ་ཚོགས་པས་གོ་སྒྲིག་ཡག་པོ་གནང་དགོས་རེད། དེ་འདྲ་སོང་ཙང་ང་ཚོ་གཅིག་གྱུར་གྱི་ཚོགས་པ་བཙུགས་པ་ཧ་ཅང་ཡག་པོ་རེད། ཁ་ཙང་རང་༸སྐྱབས་མགོན་རིན་པོ་ཆེས་བཀའ་གནང་སོང་པ། ༸སྐྱབས་མགོན་རིན་པོ་ཆེས་ཆོས་ལུགས་རིས་སུ་མ་མཆིས་པ་ཉམས་ལེན་གནང་གི་ཡོད་རེད། ང་རང་ཚོ་ཡིན་ནའང་རིས་སུ་མ་མཆིས་པའི་ཆོས་ལུགས་ལ་གསན་བསམ་བྱས་བྱེད། ཆོས་ལུགས་རང་རང་གི་ཐུན་མོང་མ་ཡིན་པའི་བཞེད་པ་དེ་གཞི་རྩ་ལ་བཞག་བཀའ་བརྒྱུད་པ་ཡིན་ན་བཀའ་བརྒྱུད་པ། རྙིང་མ་པ་ཡིན་ན་རྙིང་མ་པ། དགེ་ལྡན་པ་ཡིན་ན་དགེ་ལྡན་པ་སོ་སོའི་ཐུན་མོང་མ་ཡིན་པའི་ཡིག་ཆ་རེ་ཡོད་རེད། དེ་གཞི་ལ་བཞག་པའི་ཐོག་ཕན་ཚུན་གསན་བསམ་གནང་དགོས་རེད། ཆོས་ལུགས་ཚང་མ་མཐར་འབབ་ས་གཅིག་མ་གཏོགས་ཁ་ཁ་ཡོད་མ་རེད། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས། ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། ཅེས་གསུངས་པ་རེད། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང། ཞེས་གསུངས་པ་བཞིན་གང་དང་གང་གི་དོན་བྱེད་ན་དེ་དང་དེའི་ལམ་མ་ཤེས་ན་དེའི་དོན་བྱེད་ཐབས་མི་འདུག་པ། ཉན་ཐོས་ཀྱི་ལམ་མ་ཤེས་ན་ཉན་ཐོས་རྗེས་སུ་བཟུང་ཐབས་མི་འདུག་པ། རང་རྒྱལ་གྱི་ལམ་མ་ཤེས་ན་རང་རྒྱལ་རྗེས་སུ་བཟུང་ཡ་མི་འདུག་པ། རང་གིས་མ་ཤེས་ན་གཞན་གྱི་དོན་ཇི་ལྟར་བྱེད། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་དཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་བ། །ཉིད་ཀྱི་རྟོག་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་ཆོས་ཉིད་བདེན་པ་བསྟན་པས་གྲོལ་དགོས་རེད་མ་གཏོགས། དགོན་པ་རྒྱག་པ་དང་དཔལ་འབྱོར་ཙམ་གྱིས་དོན་འགྲུབ་ཀྱི་མ་རེད། རིས་སུ་མ་མཆིས་པའི་དོན་བསྒྲུབ་པ་ལ་རིས་སུ་མ་འཆིས་པའི་ཆོས་ལ་དོ་སྣང་བྱེད་ན་རིས་མེད་ཡག་པོ་ཞིག་ཆགས་གི་རེད། ང་ཚོ་ལོ་བརྒས་འགྲོ་བཞིན་ཡོད་རེད། ཁྱེད་རང་ཚོ་གཞོན་རབས་ཚོས་ཁུར་ལེན་དགོས་རེད། ཚོགས་པ་ལ་དམིགས་ཡུལ་ཡག་པོ་འདུག་པ། རིས་མེད་ལ་དག་སྣང་ཡོང་བ། དེ་ལྟར་ཡོང་བར་སྤེལ་གནང་དགོས་རེད། གནང་ཡང་གནང་གི་རེད། ཚོགས་པ་བཙུགས་པའི་དགོས་པའང་དེ་ག་རང་རེད། ང་ཚོ་མངོན་འདོད་ཙམ་མིན་པར་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་གལ་ཆེན་པོ་རེད། གསུངས་འདུག་པ། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པ་ངེས་གྱུར་ནས། །ལྟ་ངན་ཐིམས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ནས་སྐྱེས་ནས་སོ། ཞེས་གསུངས་པ་ལྟར་དད་པ་དང་མོས་པ་ཙམ་མིན་པར་རིགས་པས་གཏན་ལ་དབབས་ཏེ་བརྟགས་ཤིང་དཔྱད་ན་རང་གིས་ཐོས་བསམ་མ་བྱས་ཐབས་མེད་རེད་འདུག་བསམ་བསམ་ཡོང་གི་རེད་པ། ཐོས་བསམ་བྱེད་དགོས་རེད། ཐོས་བྱུང་ཡོད་ན་བསམ་བྱུང་ཡོང་གི་རེད། བསམ་བྱུང་ཡོད་ན་བསྒོམས་བྱུང་ཡོང་གི་རེད། དེས་ན་ཚང་མས་རིས་སུ་མ་མཆིས་པའི་ཆོས་ལ་ཐོས་བསམ་ཡག་པོ་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་ལས་གཞན་གང་ཡང་ཞུ་རྒྱུ་མེད། ཐུགས་རྗེ་ཆེ། །
PDF ཐོག་ནས་གཟིགས་ན་གཤམ་དེར་ནོན།
དགའ་ལྡན་ཁྲི་ཐོག་ ༡༠༤ རིས་མེད་བཀའ་སློབ།
།