མཁན་ཆེན་ཉི་མ་རྒྱལ་མཚན་ལ་བཅར་འདྲི།
ཐེངས། 117434 བཀླགས་འདུག
དྲི་བ། དེང་གི་དུས་རབས་ཉེར་གཅིག་པ་འདིའི་ནང་སྤྱིར་འཇིག་རྟེན་གྱི་བྱ་བ་སྤྱི་དང་ཡང་དགོས་སུ་ཆོས་ལུགས་འཆམ་མཐུན་ཐད་ལ་ཕྱོགས་གང་ས་ནས་འབད་བརྩོན་གནང་དང་གནང་མུས་ལྟ་བུ་ཞིག་རེད་འདུག དེའི་དགོས་དམིགས་དང་དགེ་ཕན་གཙོ་བོ་གང་ཞིག་གཟིགས་ཀྱི་འདུག་གམ།
ལན། སྤྱིར་དེང་སང་དུས་ལ་ཆོས་ལུགས་ཙམ་མ་ཡིན་པར་འཇིག་རྟེན་གྱི་བྱ་བ་གང་འདྲ་ཞིག་ཡིན་རུང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཐུབ་པ་དང་། རང་གཞན་ལ་ཕན་ཐོག་པའི་ཐབས་ལམ་གཙོ་བོ་དེ་འཆམ་མཐུན་ཡིན་པ་དེ་དུས་རབས་ཉེར་གཅིག་པའི་ནང་ཁ་གཅིག་གྲག་ཆགས་ཡོད་པ་རེད། དེ་ལས་ཀྱང་རྩ་ཆེ་བའི་ཆོས་ལུགས་ཟེར་བ་འདི་ཆོས་ལུགས་སུ་འདྲ་ཞིག་ཡིན་ཡང་གྲུབ་མཐའ་གང་འདྲ་ཞིག་ཡིན་རུང་འཛམ་གླིང་འདིའི་སྐྱེ་འགྲོ་ཡོངས་ལ་ཕན་པའི་ཞབས་ཞུ་བསྒྲུབ་མཁན་དང་ཕན་བདེ་བསྐྲུན་མཁན་ཞིག་ཆགས་ཡོད། དེ་ལྟར་ཡོང་བར་རྩ་བའི་ཆ་ནས་ཆོས་ལུགས་འདྲ་མིན་ཁག་ཕན་ཚུན་འཆམ་མཐུན་མཉམ་གནས་ཐུབ་དགོས་པ་རེད། འོན་ཀྱང་སྔོན་གྱི་ལུགས་སྲོལ་དང་ཡང་ན་བསམ་བློ་གུ་དོག་པོའི་རྒྱུ་མཚན་གྱིས་ཆོས་ལུགས་སོ་སོའི་བར་འགལ་ཟླ་མང་པོ་ཞིག་བྱུང་ཡོད་པ་རེད། གནད་དོན་གཙོ་བོ་ནི་སོ་སོའི་ཆོས་ལུགས་དེ་རྩ་ཆེན་དུ་རྩིས་ཏེ་གཞན་གྱི་ཆོས་ལུགས་ཀྱི་ལྡོག་ཕྱོགས་སུ་ལང་བསྡད་པ་ལྟ་བུ་ཆགས་འདུག དེ་ལྟར་མི་ཡོང་བར་སྔོན་འགོག་ཡག་ཤོས་དེ་ཆོས་ལུགས་གང་འདྲ་ཡིན་རུང་གཞི་རྩའི་ཆ་ནས་འཛམ་གླིང་འདིར་ལེགས་སྐྱེས་ཕུལ་བའི་ཆ་ནས་བསམ་བློ་གཏང་བ་ཡིན་ན་ཆོས་ལུགས་ནང་ཕན་ཚུན་རྩི་འཇོག་ཐུབ་པ་ཡོང་གི་ཡོད་པ་རེད། ནང་ཆོས་ནང་བཤད་པ་བཞིན་ནམཁའི་མཐར་ཐུག་པ་ཟེར་བ་མ་ཡིན་པར་ས་སྒང་འདིའི་སྟེང་གི་སོ་སོའི་ལས་དང་རྐྱེན་གྱིས་འཕྲལ་དང་འཕྲལ་དུ་བསྐོས་པའི་ཆོས་ལུགས་ཆོས་བརྒྱུད་དེའི་སྒོ་རུ་ཞུགས་དུས་ཆོས་ལུགས་དེས་གང་ཟག་དེར་ཕན་ཐོག་ཡོད་པ་ཉམས་མྱོང་གིས་གྲུབ་ཀྱི་ཡོད། དཔེར་ན་བོད་པས་ཁ་ཆེ་ཟེར་ཏེ་མར་ལྟ་བ་མ་ཡིན་པར། སློབ་དཔོན་ཨརྱ་དྷེ་བའི་བཞི་བརྒྱ་པ་ལས། གང་ཞིག་གང་གང་ལ་དགའ་བ། །དེ་ཡིས་དེ་དེ་སྔར་དཔྱད་བྱ། ། ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། ། ཞེས་གསུང་པ་ལྟ་བུ་རེད། སོ་སོའི་ཆོས་ལུགས་ཆོས་བརྒྱུད་དེ་རིན་ཐང་ཅན་ཞིག་དང་ཕན་ཐོག་ཡོད་མཁན་ཞིག་ཏུ་རྩིས་ཏེ་ཡོད་པ་ཡིན་དུས་དེ་མི་ལེགས་མི་བཟང་ཞེས་བརྗོད་ན་དེས་འཁྲུག་འཛིང་ཡོང་བའི་རྒྱུ་ཙམ་ལས་ཅི་ཡང་མི་ཕན་པ་ཤེས་དགོས་པ་རེད།
དྲི་བ། རིས་མེད་སྐྱེས་ཆེན་རྣམ་པ་དབུས་ང་ཚོ་ཚང་མས་ཁ་ཚ་དགོས་གཏུགས་ཀྱི་ཆོས་ལུགས་ཆོས་བརྒྱུད་བར་རིས་མེད་དམ་མཐུན་འབྲེལ་ཐད་ལ་དོ་ཁུར་ཆེན་པོ་གནང་བཞིན་པ་རེད། རེད་དེ་ད་དུང་ཆོས་ལུགས་ཆོས་བརྒྱུད་ཕན་ཚུན་བར་དུ་ཕྱོགས་རིས་སྡང་ཟུག་གི་དྲི་མ་རྩ་ཡལ་དུ་འགྲོ་མི་ཐུབ་པའི་ངང་ཚུལ་ཞིག་ཡོང་འདུག་གི་ཡོད་པ་རེད། རྩ་བའི་ལྟ་གྲུབ་ཀྱི་ཆ་ནས་མཐར་ཐུག་གི་རྟོགས་བྱའམ་ཡང་ན་སྒྲུབ་བྱ་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་འདྲ་ཡོད་པ་མ་རེད་དམ།
ལན། བོད་གངས་ཅན་ལྗོངས་སུ་དར་བསྡད་པའམ་བཞུག་བསྡད་པའི་ས་དགེ་ལྡན་རྙིང་མ་བཀའ་བརྒྱུད་ཇོ་ནང་དང་བཅས་པ་སུ་འདྲ་ཞིག་ཡིན་ཡང་མཐར་ཐུག་གི་ལྟ་གྲུབ་ཆ་ནས་འགལ་བ་མེད་པ་འབབ་ས་གཅིག་ལ་འབབ་ཡོང་གི་ཡོད་པ་སྔོན་བྱོན་མཁས་གྲུབ་དུ་མས་དགོངས་དབྱངས་གཅིག་མཚུངས་རེད། དཔེར་ན་པཎ་ཆེན་བློ་བཟང་ཆོས་བརྒྱན་ཕྱག་ཆེན་རྒྱལ་བའི་གཞུང་ལུགས་ལས། ལྷན་གཅིག་སྐྱེས་སྦྱོར་ག་འུ་མ། ། ལྔ་ལྡན་རོ་སྙོམ་ཡི་གེ་བཞི། །ཞི་བྱེད་སྤྱོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་ལ། སོ་སོར་མིང་འདོགས་མང་ན་ཡང་། ངེས་དོན་ལུང་རིག་ལ་མཁས་པའི། ། ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། ། དཔྱད་ན་སྒོམ་པ་གཅིག་ཏུ་འབབ། གསུང་པ་ནང་བཞིན་ངོ་སྤྲོད་སྟངས་ཐད་མ་འདྲ་བ་ཡོད་ཀྱང་མཐར་ཐུག་གི་ལྟ་བའི་འབབ་ས་གཅིག་ཡིན་པ་རེད། དཔེར་ན་ཕྱོགས་སོ་སོ་ནས་འབབ་པའི་ཆུ་བོ་ཁག་གི་ཡོང་ས་མ་འདྲ་བ་རེད་དེ་འབབ་ས་རྒྱ་མཚོ་གཅིག་གི་ནང་དུ་འབབ་འགྲོ་ཡི་ཡོད་པ་ནང་བཞིན་རེད། དེ་ལྟར་ཡིན་ས་རེད་ཟེར་བ་ལྟ་བུ་མ་ཡིན་པ། ཟེར་གྱིན་འདུག་ལྟ་བུ་མ་ཡིན་པར་ཆོས་བརྒྱུད་སོ་སོའི་ཡིག་ཆ་ཁག་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་ཡོང་དུས་མཐར་ཐུག་འབབ་ས་གཅིག་ལས་མི་འདུག་སྙམ་པ་ལྟ་བུ་ཐོས་བསམ་ལས་གོ་རྒྱུ་ཡོད་པ། ཉམ་ལེན་ལས་ཐོབ་རྒྱུ་ཡོད་པ་རེད། དེ་འདྲ་སོང་ཙང་མཁས་པ་དང་གྲུབ་པའི་སྐྱེ་བུ་རྣམ་གྱིས་མཛད་པའི་གཞུང་བཤད་དང་མན་ངག་ནང་དུ་གཟིགས་ན་མཐར་ཐུག་གི་ལྟ་བའི་ཆ་ནས་ཁྱད་པར་སྤུ་ཙམ་ཡང་མེད་པ་ནི་བློ་གཟུ་བོར་གནས་ཏེ་བཤད་ཐུབ་པ་ཞིག་རེད། དཔེར་ན་སྔ་འགྱུར་རྙིང་མ་འཇམ་མགོན་མི་ཕམ་གྱི་ངེས་ཤེས་སྒྲོན་མེ་ལས། སྔ་འགྱུར་རང་ལུགས་གང་ཞེ་ན། །ཟུང་འཇུག་ཡེ་ཤེས་ཆེན་པོའི་ངང་། ། མེད་ཅེས་དགག་བྱ་བཀག་ཤུལ་དུ། །མེད་རྐྱང་མཐའ་ནི་མ་ཡིན་ཞིང་། །བཀག་ཤུལ་ཆོས་གཞན་སྐྱེ་བཞིན་འཕེན། དེ་ཉིད་བློ་ཡིས་བཏགས་པ་ལྟར། །དོན་ཡོད་གཉིས་ཀར་ཁས་མི་ལེན། དགག་སྒྲུབ་གཉིས་དང་བྲལ་བ་ཡི། བློ་འདས་གདོད་མ་ཆོས་ཉིད་ཡིན། །ཞེས་དང་། ང་ཚོ་བཀའ་བརྒྱུད་པའི་ཕྱོགས་ནས་ཀྱང་། འབྲི་གུང་པ་ཀུན་མཁྱེན་རིག་འཛིན་ཆོས་གྲགས་དགོངས་གཅིག་འགྲེལ་བ་ཞིག་ལས། འཁོར་འདས་ཆོས་ཀུན་རང་སེམས་ཉིད་དུ་བཤད། ། སེམས་ཉིད་ཆོས་སྐུ་མཐའ་བྲལ་རྟོགས་པ་ན། ། གནས་ལུགས་དོན་གྱི་ལྟ་བ་དེ་ཉིད་ཡིན། །ཞེས་མཐར་ཐུག་ལྟ་བ་མཐའ་བྲལ་དུ་འབབ་ཡོང་གི་ཡོད་པ་རེད། དེ་བཞིན་དུ་ཀརྨ་པ་རང་བྱུང་རྡོར་རྗེས་ཀྱང་། ཡུལ་ལ་བལྟས་པས་ཡུལ་མེད་སེམས་སུ་ཤེས། ། སེམས་ལ་བལྟས་པས་སེམས་ཉིད་ངོ་བོ་རྟོགས། ། གཉིས་ལ་བལྟས་པས་གཉིས་འཛིན་རང་སར་གྲོལ། ། ཞེས་ཕྱག་ཆེན་གྱི་ལྟ་བ་མཐའ་བྲལ་དང་དུ་གསུངས་པ་དང་། དེ་བཞིན་དུ་ས་སྐྱའི་ཕྱོགས་ནས་ཀུན་མཁྱེན་གོ་རམས་པས། ལྟ་བའི་ཤན་འབྱེད་ལས།
གནས་ལུགས་མཐའ་བཞི་སྤྲོས་པས་དབེན་པ་དང་། །རྟོགས་བྱེད་བློ་གཉིས་གཉིས་སུ་དབྱེར་མེད་པར་། ། བློ་གཉིས་སྤྲོས་བྲལ་ངང་དུ་ཐིམ་པ་ལ། ། ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད། ། ཅེས་དང་། དགེ་ལྡན་ཕྱོགས་ནས། རྗེ་བདག་ཉིད་ཆེན་པོའི་ལམ་གཙོའི་ནང་དུ།
ནམ་ཞིག་རེས་འཇོག་མེད་པར་གཅིག་ཆར་དུ། ། རྟེན་འབྲེལ་མི་བསླུ་ངེས་པ་ཙམ་ཉིད་ནི། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཅེས་འཛིན་སྟངས་ཐམས་ཅད་ཞིག་པའི་སྐབས་སུ་ལྟ་བའི་དཔྱད་པ་རྫོགས་ཀྱི་ཡོད་གསུང་པ་རེད། ཚིག་དང་སྡེབ་སྦྱོར་གྱི་ཆ་ཅུང་ཟད་མ་འདྲ་བ་རེད་མ་གཏོགས་དོན་ངོ་ཐོག་ནས་ཆོས་ལུགས་ཆོས་བརྒྱུད་ཚང་མ་ལྟ་བའི་འབབ་ས་གཅིག་ཡིན་པ་གྲུབ་ཆེན་ས་ར་ཧས། ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། ། ཤེས་པའང་སྤྲོས་དང་བྲལ་བར་བཞག །
གསུང་པ་ལྟར་མཐར་ཐུག་གི་ལྟ་བ་ངོ་སྤྲོད་ཡོང་པའི་སྐབས་འགྲེལ་ཚུལ་དང་ལམ་དུ་དཀྲི་ཚུལ་མ་འདྲ་བ་ཡོད་ཀྱང་གནད་ཀྱི་འབབ་ས་གོང་དུ་ཞུས་པ་བཞིན་གཅིག་ལས་འགྲོ་ས་མེད་པ་རེད།
དྲི་བ། དེང་སང་ནུབ་ཕྱོགས་རྒྱལ་ཁབ་དབུས་པའི་ཕྱོགས་ཡོངས་ནས་བསམ་ན་ནང་ཆོས་ལ་དད་འདུན་དང་ཆོས་སྒོར་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཡིནའང་ང་ཚོའི་སྤྱི་ཚོགས་ནང་གཞོན་སྐྱེས་མང་དག་ཅིག་གི་ཁྲོད་དུ་ཉེ་བའི་ལོ་ཤས་ཚུན་ཆད་ཆོས་ལ་དགག་པ་བྱེད་མཁན་ཡང་མི་ཉུང་པ་ཞིག་ཡོད་པའི་རྣམ་པ་འདྲ་མངོན་ཡོང་གི་འདུག་པས་དེ་དག་ལ་གདོང་ལེན་དགོས་པའི་རིགས་འདྲ་གཟིགས་སམ།
ལན། ནང་ཆོས་མཚོན་པའི་དེའི་བརྒྱུད་པ་ཁག་གི་འཛམ་གླིང་གང་སར་ཁྱབ་བསྡད་པ་ལྟ་བུ་ཆགས་ཡོད། སྐབས་འདིར་ཕྱིའི་མི་རིགས་མང་པོས་དགའ་དད་དབང་གིས་ཡིནའང་རེད། ཡང་འགའ་རེ་ནི་ཨ་གསར་འུར་འགྲོག་ལྟ་བུའི་ཞུག་གི་ཡོད་པ་རེད། གང་ལྟར་ཁྱད་པར་མི་འདུག ང་ཚོ་གངས་ཅན་ལྗོངས་སུ་ཕྱི་རྒྱལ་ཡུལ་གྲུ་ནང་བཞིན་དུས་རབས་ཉེར་གཅིག་གི་འགོ་དང་ཉི་ཤུའི་མཇུག་ཙམ་དུ་མ་ཡིན་པར་ཕ་མེས་ཡང་མེས་ནས་བརྒྱུད་དེ་དར་ཡོང་བ་ཞིག་ཆགས་ཡོད། མི་རབས་ཚ་བརྒྱུད་ཕར་ཆེ་བ་ནང་ཆོས་ལ་དགའ་དད་ཡོད་མཁན་ཆགས་ཡོད་པ་རེད་དེ། ཆོས་ཀྱི་གོ་རྟོགས་ཐད་ནས་སེར་མོ་བའི་སྡེ་ཁག་ལས་མི་མང་གི་ནང་དུ་ཆོས་ཀྱི་གོ་རྟོགས་དར་ཁྱབ་ཆེན་པོ་མ་བྱུང་བར། རྩ་བའི་མ་ཎི་བགྲང་བ། སྐྱབས་འགྲོ་འདོན་པ་མཚོན་པ་སོགས་ཡོད་ཀྱང་གནད་འགག་གཞི་ལམ་རྣམ་གསུམ་མཚོན་པའི་གོ་བ་ཞིག་བརྙེད་པའི་སྒོ་ནས་ཞུགས་མཁན་དཀོན་པོ་ཆགས་འདུག དེས་དབང་གི་དེང་སང་གཞོན་སྐྱེས་མང་པོ་ཞིག་ནས་ནང་ཆོས་སྒྲུབ་རྒྱུ་འདི་སེར་མོ་བའི་སྡེའི་ཡིན་པ་ལྟ་བུ་དང་།
མི་མང་གི་སྒྲུབ་བྱ་མ་ཡིན་པ། གལ་ཏེ་མི་མང་གིས་སྒྲུབ་ན་འདིས་རྒྱལ་ཁབ་དང་མི་རིགས་ལ་གནོད་སྐྱོན་ཐེབས་ཀྱིས་ཡོད་ཅེས་སྐྱོན་བརྗོད་བྱེད་མཁན་ཡོད་པ་རེད། དེ་དག་གིས་དོན་ལ་དགག་པ་མ་ཕོག་པ་མ་ཟད་ཕྱིའི་རྣམ་པའི་ཐད་ལ་དགག་པ་བརྒྱབ་བསྡད་པ་ཞིག་ཆགས་ཡོད། དེ་ལྟར་ཡོང་དོན་ཡང་ལོ་རྒྱུས་བྱུང་རབས་ནས་དེང་སང་བར་ཆོས་བརྒྱུད་མི་སྣའི་ཁྲོད་ཆོས་དང་མ་མཐུན་པའི་རྣམ་པ་ཤུགས་ཆེར་མངོན་ཡོང་བ་དེ་ཕྱོགས་གཅིག་རེད། ཕྱོགས་གཉིས་ནས། དཔེར་ན་སྟོན་པ་ཞལ་བཞུགས་སྐབས། ལྟུང་བྱེད་འབའ་ཞིག་པའི་ནང་དུ། སྙན་པར་མ་རྫོགས་པ་དང་ལྷན་གཅིག་ཏུ་ཉལ་བ། ཟེར་ཡོད་པ་རེད། སྙན་པར་མ་རྫོགས་པ་དང་སྙན་པར་རྫོགས་པ་གཉིས་ལྷན་གཅིག་ཏུ་ཉལ་དུས་སྙན་པར་རྫོགས་མཁན་དེའི་སྤྱོད་པ་འདྲ་མིན་ལ་བརྟེན་སྙན་པར་མ་རྫོགས་པ་དེས་སྐྱོན་བརྗོད་བྱས་པ་ལྟ་བུ་རེད། སྔོན་མ་སེར་མོ་བ་སྡེ་ཁག་ཕལ་མོ་ཆེ་སྤོང་བ་བསམ་གཏན་དང་ཀློག་པ་ཐོས་བསམ་མཛད་དེ་དགོན་པ་ཁ་གཙང་བྱས་ནས་བཞུགས་ཀྱི་ཡོད་པ་རེད། ཡིན་ཡང་དེ་རིང་ཁ་སང་དུས་རབས་འགྱུར་བ་ཕྱིན་དུས་སྤྱི་ཚོགས་དང་མཉམ་དུ་བྱ་བ་སྒྲུབ་དགོས་ཀྱི་ཡོད་རེད། དཔེར་ན་མི་དང་མིའི་ནང་བར་ཐག་གི་འབྲེལ་བ་ཙམ་མ་ཟད་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཕན་ཚུན་གྱི་གནས་ཚུལ་སྔོན་མ་ལོ་ནས་ལོ། ཟླ་བ་ནས་ཟླ་བ་འགྲོ་དགོས་པ་དག་ཀྱང་དེང་སང་སྐར་ཆ་འགའ་ཤས་ནང་མངོན་ཡོང་གི་ཡོད་དུས་ང་ཚོ་སེར་མོ་བའི་སྡེ་ཁག་ནས་ཀྱང་གང་ཟག་གི་སྐྱོན་ཆོས་ལ་མ་བརྗོད་པ་ཞིག་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག
དྲི་བ། སྤྱིར་འཛམ་གླིང་ནང་དམག་ཆེན་དང་གཉིས་གཉིས་གཙོས་པའི་ནོར་འཛོལ་གང་མང་བྱུང་བར་བརྟེན་དེ་དག་ནོར་བའི་ལམ་དུ་ཞུགས་པ་ར་འཕྲོད་དེ། དེང་རབས་འཛམ་གླིང་གི་ཁ་ཕྱོགས་མཐུན་ལམ་ལ་རྒྱུ་བཞིན་ཡོད་པ་རེད། དཔེ་དེ་བཞིན་དུ་ཆོས་ལུགས་གྲུབ་མཐའ་རིས་མེད་མ་བྱུང་བའི་ལམ་ཉེས་ལས་སླར་ལྡོག་སྟེ་མ་འོངས་པར་མཐུན་ལམ་བཟང་དུ་གཏོང་བའི་ཐབས་ལམ་འདྲ་ཡོད་རེད་དམ།
ལན། དེ་བདེན་པ་རེད། ཆོས་བརྒྱུད་ཁག་ནང་ཕན་ཚུན་དཀའ་རྙོག་མང་པོ་བྱུང་ཏེ་སྤྱི་ཚོགས་དང་ཁོར་ཡུག་ལ་གྱོང་གུན་གྱི་ཆ་མང་པོ་བྱུང་ཡོད་པ་རེད། ཡིནའང་ལ་ལས་ཆོས་ལུགས་ཀྱི་ལྟ་གྲུབ་འདྲ་མིན་དབང་གིས་བྱུང་བ་རེད་ཟེར་བ་དང་ལོ་རྒྱུས་སྨྲ་བ་ལ་ལས་ཆོས་ལུགས་པ་སྲིད་དང་འབྲེལ་བ་བྱུང་བས་རེད་ཟེར་གྱིན་འདུག་པས་ཕྱི་མ་དེ་དོན་ལ་གནས་པ་འདྲ་མཐོང་སོང།་ ང་ཚོ་བོད་ལ་ཉེ་བའི་ལོ་ཤས་འགའའི་བར་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཆགས་ཡོད། དེར་བརྟེན་ཆོས་ལ་ཁ་གཡར་ཏེ་འཇིག་རྟེན་ལ་སྐྱོན་ཤོར་བ་དང་། འཇིག་རྟེན་ལ་ཁ་གཡར་ཏེ་ཆོས་ལ་སྐྱོན་ཤོར་བ་མང་པོ་བྱུང་ཡོད་པ་རེད། དཔེར་ན་ཉན་ཤུལ་ཁྱེན་རབ་འོད་ཟེར་ནས། ཆོས་ལྡན་རྒྱལ་ཁབ་འཇིག་རྟེན་ཀུན་ལ་ཡོད། ། ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར།
། ཆོས་ལྡན་ཙམ་གྱིས་རྒྱལ་སྲིད་མི་ཉམས་ཀྱང་། ། ཟུང་དུ་འབྲེལ་བས་གཉིས་ཀའི་ནུས་པ་ཉམས། ། གསུང་པ་ལྟ་བུ་རེད།
ཆོས་བརྒྱུད་ནང་ཁུལ་འཁྲུག་འཛིང་བྱུང་བ་དེ་དག་ནི་ཆོས་ཀྱི་ལྟ་གྲུབ་མ་མཐུན་པས་མ་ཡིན་པར་སྲིད་དབང་གི་མིང་ཆེ་མིང་ཆུང་། སྡེ་ཆེ་སྡེ་ཆུང་། ཁྲི་མཐོན་དམན་སོགས་ཀྱིས་ཡོང་གི་ཡོད་པ་རེད། སྐབས་རེར་ང་ཚོ་བོད་པ་ཨ་གསར་ཆེན་པོ་འདྲ་ཡིན་ཙང་ཕྱི་ལོག་གི་དམག་མི་ནང་དུ་དྲངས་པ་སོགས་མདོར་ན་གྱོང་ཆེན་པོ་རག་ཡོད་རེད། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་མང་ཆེ་བ་གཉིད་འདྲ་བོ་སད་དེ། ལོ་རྒྱུས་བྱུང་རབས་ཁྲོད་ནོར་བ་ངོ་ཤེས་པའི་ཐོག་ནས་ལོ་རབས་བརྒྱ་ཕྲག་དུ་མིའི་རིང་བྱུང་མ་མྱོང་བའི་ཆོས་ལུགས་ཆ་མཐུན། ལྟ་གྲུབ་གླེང་སློང་སོགས་རླབས་ཆེན་རྣམ་པས་དབུ་ཁྲིད་དེ་འགྲོ་བཞིན་པ་རེད། དེ་འདྲ་ཡིན་དུས་མ་འོངས་པར་ཡང་ཆོས་ལུགས་ཕན་ཚུན་ལྟ་གྲུབ་འཆད་རིས་དང་གོ་རྟོགས་བརྗེ་རེས་བྱས་པ་ཡིན་ན་ང་ཚོ་ནང་བསྟན་ཆོས་ལུགས་ཙམ་མ་ཡིན་པར་བོད་བརྒྱུད་ནང་བསྟན་འདིའི་འཛམ་གླིང་སྒང་དུ་རླབས་ཆེན་གྱི་ལེགས་སྐྱེས་ཤིག་འབུལ་ཐུབ་ཀི་རེད་སྙམ།
དེ་ལས་གཞན་འཇིག་རྟེན་ཆོས་བརྒྱད་འདྲའི་གཞན་དབང་དུ་ཤོར་སྔོན་གྱི་ལམ་ལུགས་སྲོལ་འདྲ་བྱས་བསྡད་པ་ཡིན་ན་དེ་ནི་ཆོས་ཉམ་ལེན་བྱེད་མཁན་གྱི་ངོ་ནས་བསྟན་པའི་ཞབས་འདྲེན་ཆགས་འགྲོ་གི་རེད་ལ། ཆོས་ལུགས་ཁོ་རང་ཡང་འཛམ་གླིང་སྒང་གི་ཆོས་ལུགས་སྐྱོ་ཤོས་ཆགས་འགྲོ་བའི་ཉེས་ཁ་ཡོད་བསྡད་པ་རེད།
དྲི་བ། ལོ་རྒྱུས་བྱུང་རིམ་ཐད་དཔྱད་ཞིབ་རེ་བྱེད་དུས་ཆོས་ལུགས་པ་སྤྱི་དང་ལྷག་པར་བོད་གངས་ཅན་ཀྱི་ཆོས་ལུགས་པའི་ཁྲོད་ནས་ཀྱང་དགེ་སྐྱོན་གཉིས་ཆར་མངོན་ཡོང་གི་ཡོད་པ་ལྟ་བུ་གང་མང་གླེང་བཞིན་པ་རེད། དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་དང་མ་འོངས་པར་གང་ཟག་དང་ཆོས་ལུགས་བར་གྱི་དགེ་སྐྱོན་གྱི་སྤུ་རིས་འབྱེད་དེ་ཡང་དག་པའི་ནང་བསྟན་ཆོས་ལུགས་འདིའི་ལམ་ཕྱོགས་ཅི་འདྲ་ཞིག་འཚོལ་ན་བཟང་ངམ།
ལན། ལོ་རྒྱུས་ལ་ཕྱིར་བལྟས་རེ་བྱས་པ་ཡིན་ན། གོང་ནས་གསུང་པ་ལྟར། ཆོས་ལུགས་མི་སྣས་ལེགས་སྐྱེས་ཀྱང་ཕུལ་ཡོད་ལ། མཚམས་རེར་ཆོས་ལུགས་ལོག་པར་བེད་སྤྱད་པར་བརྟེན་རྡབ་གསིགས་ཀྱང་བཏང་ཡོད་པ་རེད། ང་ཚོ་གངས་ཅན་པར་བཞུགས་པའི་ཆོས་ལུགས་ཆོས་བརྒྱུད་ཁག་ལ་བསམ་ནའང་གངས་ཅན་པའི་བདེ་སྡུག་ལ་འབྲེལ་བ་ཆགས་ཡོད་དུས་ཆོས་ལུགས་མི་སྣས་ལེགས་སྐྱེས་ཀྱང་བླ་མེད་ཅིག་ཕུལ་ཡོད་ལ་སྐབས་རེར་ཆོས་ལུགས་མི་སྣ་ཁག་གི་བསམ་བློའི་ནང་ཆོས་ལུགས་ནང་དཀའ་རྙོག་ཀྱང་དུ་མ་མངོན་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བསམ་ན། ཆོས་དེ་ཆོས་བཞིན་དུ་ལག་བསྟར་མ་བྱས་པས་ལེན་བསྡད་པ་ཆགས་ཡོད། དཔེར་མཉམ་མེད་སྒམ་པོ་པས། ཆོས་ཆོས་བཞིན་དུ་མ་སྒྲུབ་ན། ཆོས་ཀྱི་རྒྱུ་སླར་ངན་སོང་དུ་འགྲོ་གསུངས་པ་ལྟར། མིང་དུ་ཆོས་བརྒྱུད་མི་སྣའི་མིང་ཁུར་རུང་ལག་ལེན་དུ་ཐོག་མར་ཀུན་སློང་ནོར་བ། བར་དུ་བྱ་བ་ནོར་བ། མཐར་ལག་ལེན་ནོར་བ་བྱུང་དུས་རང་གཞན་གཉིས་ཕུང་ལས་ཡོང་གི་མེད་པ་རེད། དེ་ནི་ཆོས་ལུགས་ཀྱི་གནས་དོན་མ་ཤེས་ནས་བྱུང་བ་ཞིག་ཀྱང་ཆགས་ཡོད། ད་ལྟ་བོད་གངས་ཅན་དུ་བཞུགས་པའི་ཆོས་ལུགས་སུ་འདྲ་ཞིག་ཡིན་རུང་། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་ཞིག་དམ་པའི་སྐྱེས་བུ་རྣམ་པས་སྲོལ་བཏོད་ཡོད་དུས་དེ་ནི་ང་ཚོ་སེར་མོ་བའི་སྡེ་ཁག་གིས་མཁྱེན་གསལ་ལྟར་ཆགས་ཡོད། ཡིནའང་སྐབས་རེར་འཇིག་རྟེན་ཆོས་བརྒྱད་ཤུགས་ཆེ་དྲག ཆོས་ཀྱི་གོ་རྟོགས་དང་ལག་ལེན་གཉིས་བརྡུར་དུས་ལག་ལེན་ཐད་ཤུགས་ཆུང་དྲག་པ་ལྟ་བུ་མདོར་ན། གོ་རྟོགས་ཀྱིས་མ་འདངས་བ་དང་ལགས་ལེན་གྱིས་མ་འདངས་བས་སྐྱོན་ཆའི་རིགས་དེ་འབྱུང་གི་ཡོད་པ་རེད། དེར་རྟེན་ང་ཚོ་སེར་མོ་བའི་སྡེར་གཏོགས་མི་རེ་ངོ་རེ་ནས་འགན་ཁུར་དང་ལེན་དང་ཆོས་ལུགས་གྲུབ་མཐའི་མཐུན་ལམ་མཉམ་གནས་ལ་སློབ་གསོ་དར་སྤེལ་གནང་རྒྱུ་གལ་ཆེན་པོ་མཐོང་གི་འདུག དེ་བཞིན་དུ་ཆོས་ལུགས་གྲུབ་མཐའ་སུ་འདྲ་ཞིག་གི་སྡེར་གཏོགས་ཡིནའང་ཆོས་ཀྱི་གནས་ལུགས་ར་འཕྲོད་པའི་ཐོག་ཕྱིན་པ་ཡིན་ན་དཀའ་རྙོག་དེའི་རིགས་ཡོང་དོན་ཡོད་མ་རེད་སྙམ།
དྲི་བ། ནང་བསྟན་ཆོས་ལུགས་འདི་མི་མང་དཀྱུས་མའི་ནང་སྤེལ་ཐུབ་པ་གལ་ཆེན་དུ་གཟིགས་སམ། གལ་ཏེ་གལ་ཆེན་དུ་གཟིགས་ཚེ་ཐབས་ལམ་གང་འདྲ་ཞིག་གི་ལམ་ནས་སྤེལ་དགོས་སམ།
ལན། སེར་མོ་བའི་སྡེ་ལས་མི་མང་དཀྱུས་མའི་ནང་ཆོས་ཀྱི་གོ་རྟོག་སྤེལ་མ་ཐུབ་པའི་རྐྱེན་གྱི་མི་མང་ནང་ཆོས་ཀྱི་གོ་རྟོགས་མེད་པ་དང་། ཆོས་དེ་བླ་མ་གྲྭ་པ་ཁོ་ནའི་ལག་ཆ་ལྟ་བུར་གྱུར་ཡོད། དེའི་སྐྱོན་གང་ཡིན་ཟེར་ན། བླ་མ་གྲྭ་པས་ཀྱང་དེ་བེད་སྤྱད་དེ་དཀོར་བསྡུ་བྱེད་ཙམ་གྱི་ངོ་བོ་རུ་འགྱུར་མི་སྲིད་པ་མ་རེད། དོན་དངོས་ཐོག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་དེ་རབ་བྱུང་ཕོ་མོ་ཁོ་ནར་གསུངས་པ་ཙམ་མ་ཡིན་པར་སྐྱེ་འགྲོ་ཀུན་གྱི་ཆེད་དུ་ཡིན་པ་རེད། དཔེར་ན་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་ཞལ་ནས། ཆོས་ཀྱི་རྒྱལ་པོའི་འགྲོ་བ་སྤྱི་ལ་བཅས། གསུང་པ་ལྟར་ཡིན་དུས་མི་མང་དཀྱུས་མིའི་ནང་ཆོས་ཀྱི་གོ་རྟོགས་སད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད། མདོར་ན་མི་མང་ལ་ཞེད་སྣང་དང་རྔམ་སྐྲག་ལྟ་བུ་བསྟན་བསྡད་པ་མ་ཡིན་པར་སེམས་ལ་ཕན་ཐོག་ཡོད་པའི་སྒོ་ནས་ག་ལེར་ཆོས་ཀྱི་ལམ་ཕྱོགས་སུ་འཁྲིད་ཐུབ་པ་བྱུང་ན་དེ་ནི་གལ་ཆེན་པོ་རེད་བསམ།
དེང་སང་ཡེ་ཤུའི་ཆོས་དེ་འཛམ་གླིང་ནང་ཆོས་ལུགས་རྒྱ་ཆེ་ཤོས་འདྲ་ཆགས་བསྡད་ཡོད་པ་རེད། ཁོང་ཚོར་ལྟ་གྲུབ་ཆ་ནས་གཏིང་ཟབ་མོ་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར་ཕྲུག་གུ་ཆུང་ཆུང་སྐབས་ནས་ལམ་དང་ལུགས་སྲོལ་འདྲ་བོ་དེ་ཡང་དག་པ་ཞིག་ར་འཕྲོད་དེ་ད་ཆ་ཁོང་ཚོ་ལའང་འགྲེལ་བཤད་ཅིག་རྒྱག་རྒྱུ་ཡོད་པ་བཟོས་འདུག་བ། དེའི་མཚོན་པའི་ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་སངས་རྒྱས་ཀྱིས་འདྲ་མཉམ་དུ་ཆོས་ལུགས་ཀྱི་ཐོབ་ཐང་གནང་མཛད་པ་འདི་འདྲ་མཉམ་དུ་ལོངས་སྤྱད་དེ་སངས་རྒྱས་ཆོས་ལུགས་ཀྱི་རྒྱ་ཆེ་གཏིང་ཟབ་ཀྱི་རང་བཞིན་ར་འཕྲོད་པ་ཞིག་བྱུང་ན་ཆོས་ལུགས་གྲུབ་མཐའ་རིས་མེད་ཡོང་བ་ལའང་ཕན་ཐོག་ཆེ་ལ། ཆོས་དང་ཆོས་བྱེད་སུ་དང་སུས་ནོར་བའང་ར་འཕྲོད་ཡོང་བར་ཕན་ཐོག་ཆེན་པོ་ཡོད་རྒྱུ་རེད། དེ་ཙམ་མ་ཟད་ནང་བསྟན་ཆོས་ལུགས་འདི་ཡུན་གནས་ཡོང་བ་དང་འདིས་འཛམ་གླིང་འདིའི་ནང་རླབས་ཆེན་གྱི་ལེགས་སྐྱེས་འབུལ་ཐུབ་པ་ལའང་དགེ་མཚན་ཆེན་པོ་མཐོང་སོང་།། །།