མཁན་པོ་རིག་པའི་རྡོ་རྗེ་ལ་བཅར་འདྲི།
ཐེངས། 120013 བཀླགས་འདུག
དྲི་བ་དང་པོ། སྔོན་རབས་ཇོ་ནང་པའི་བླ་མའི་ཁྲོད་དུ་རིས་མེད་ཆོས་བརྒྱུད་ཉམས་བཞེས་གནང་མཁན་དེ་འདྲ་ཡོད་དམ།
/
ལན། དེ་ཧ་ཅང་མང་པོ་ཡོད། འདིར་མཚན་གཞི་ཙམ་དུ་ཁ་ཤས་ཤིག་ཞུས་ན། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག(༡༥༠༧-༡༥༦༦)བོད་གངས་ཅན་ལྗོངས་ཀྱི་རིས་མེད་ཆོས་བརྒྱུད་ཉམས་བཞེས་གནང་མཁན་གྱི་ཚབ་མཚོན་དུ་བཞག་ན་ཆོག་སྙམ། ཁོང་གིས་རྒྱ་སྒོམ་ལེགས་པ་རྒྱལ་མཚན་དང་། འཇམ་དབྱངས་བསོད་ནམས་ལྷུན་གྲུབ། སངས་རྒྱས་རིན་ཆེན་སེང་གེ། ཀུན་དགའ་མཆོག་གྲུབ། སྟག་ལུང་བ་ཆེན་པོ་རྣམ་རྒྱལ་བཀྲ་ཤིས། ཇོ་ནང་ལོ་ཙཱ་བ་རིན་ཆེན་བཟང་བོ་སོགས་རིས་སུ་མ་ཆད་པའི་མཁས་གྲུབ་ཀྱི་བླ་མ་བཞི་བཅུ་ཙམ་བསྟེན། མདོ་སྔགས་ཀྱི་གཞུང་འབྲེལ་དང་། དབང་ཁྲིད། བྱིན་རླབས། མན་ངག་སོགས་འབྱམས་ཀླས་པར་གསན་བསམ་བསྒོམས་པ་མཐར་ཕྱིན་མཛད་ཅིང་། བཀའ་བསྡུས་པའི་ཚུལ་དུ<<ཇོ་ནང་ཁྲིད་བརྒྱ>>ཞེས་ཡོངས་སུ་གྲགས་པའི་རིས་མེད་ཆོས་མཛོད་ཆེན་མོ་བརྩམས་གནང་མཛད། ད་ལྟའི་ཆར་ཇོ་ནང་ཁྲིད་བརྒྱའི་ཁྲིད་ལུང་བྱིན་རླབས་ཀྱི་ཕྱག་ལེན་ཆ་ཚང་བ་རིས་མེད་ཆོས་བརྒྱུད་ཚང་མའི་ནང་དུ་ཡོད། དཔེར་ན། ༧གོང་ས་མཆོག་གིས་ཇོ་ནང་ཁྲིད་བརྒྱ་སྤྱིའི་ཁྲིད་ལུང་ཡོངས་འཛིན་གླིང་རིན་པོ་ཆེ་དང་། ཁྲིད་བརྒྱའི་ཁ་སྐོང་གི་ཆོས་སྐོར་རྣམས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དྲུང་ནས་གསན་བཞེས་མཛད་པས་མཚོན་ཐུབ།
/
རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་ཆོས་བརྒྱུད་རིས་མེད་གནང་ཚུལ་ནི། ཁོང་གིས་མཛད་པའི<<བརྩམས་ཆོས་མ་ལུས་པའི་སྔོན་དུ་འགྲོ་བའི་ཡི་གེ>>(རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར། དེབ་གཟུགས། ཤོག་ངོས། ༡༠-༡༡)ལས། “ད་ལྟ་འདི་ན་ཀུན་ཁྱབ་ཏུ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། དབུ་མ་ཆེན་པོ་སྟེ། ཆེན་པོ་གསུམ་གྱིས་མ་རེག་པའི་ལྟ་བ་ཞེས་བློས་བཏགས་པའི་དོན་ཅིག་ལ་རང་མཚན་མར་ཞེན་ནས། མདོ་རྒྱུད་རྣམས་དང་རྒྱ་བོད་ཀྱི་པཎ་གྲུབ་མཐའ་དག་གི་གཞུང་ལུགས་ཀྱི་ཚིག་སྒྲ་ཙམ་དང་བསྟུན་ཏེ། བྱིས་པའི་སྐྱེ་བོ་དག་སྣ་བསྡུར་བ་བཞིན་དུ་ཁྱོད་ཀྱི་འདི་དང་ངའི་འདི་ཞེས་སོ་སོར་འཛིན་སྟངས་ཕྱེ་སྟེ། རྙིང་མ་བ་དང་། བཀའ་གདམས་པ། ཞི་བྱེད་པ། ས་སྐྱ་པ། བུ་སྟོན། ཇོ་ནང་བ། དགེ་ལྡན་པ། བོ་དོང་བ་ཞེས་ཐ་དད་ཀྱི་ཞལ་བཞེས་དང་། བཤགས་འདེབས་རང་རང་གི་མོས་བློ་ཕྱོགས་རིགས་སུ་བཅད་ནས་ཁོ་ཅག་འདི་དང་འདི་མཐུན། འདི་དང་ཕྱེད་མཐུན་འདི་དང་གཏན་མི་མཐུན་ཞེས་མང་དུ་གླེང་བ་དག་མཐོང་མོད། བདག་ནི་གྲུབ་མཐའ་སྨྲ་བ་མཐའ་དག་དང་ཕྱིན་ཅི་ལོག་འབའ་ཞིག་ཏུ་འཆར་བའི་བློ་རིགས་འདི་བུར་སྣང་སྟེ། དེ་ཡང་ཞིབ་ཏུ་སྙད་ན། གྲུབ་པའི་མཐའ་ཞེས་འདབ་འདི་ནི་ཡི་གེ་ཡིན་ཏེ། དབུ་ཅན་དུ་བྲིས་ན་དབུ་ཅན་དུ་འོང་ལ། དབུ་མེད་དུ་བྲིས་ན་དབུ་མེད་དུ་འོང་བ་ཡིན་ནོ།།” ཞེས་གསུངས་པ་ལྟར་དང་། དེ་བཞིན་དུ་<<རྣམ་ཐར་གྱི་དཔེ་རྫི་སྔོན་རབས་རྗེས་དྲན>>(རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར། དེབ་གཟུགས། ཤོག་ངོས། ༡༨-༢༠)ལས། “བདག་གནས་ལྔ་རིག་པའི་པཎྚི་ཏ།། འབར་བའི་གཙོ་བོར་སྐྱེས་པའི་ཚེ།། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན།། ཡི་དམ་འཕགས་མ་སྒྲོལ་མ་ལགས།། ནག་པོ་སྤྱོད་པར་སྐྱེས་པའི་ཚེ།། བླ་མ་ཛ་ལནྡྷ་ར་པ།། སློབ་མ་དྷ་མ་དྷུ་མ་ཡིན།། ཡི་དམ་འཁོར་ལོ་བདེ་མཆོག་ཡིན།། རཱ་ཏན་ཆེན་པོ་བྷ་ཧུ་ལར།། སྐྱེ་བ་གཟུང་དུས་བླ་མ་ནི།། ཤྲཱི་གྷོརྵ་ནཱ་ཐ་ཡིན།། བཀའ་སྲུང་ལྷ་མོ་ཙཎྜི་ཀ། རོང་ཟོམ་ཆོས་བཟང་སྐྱེས་པའི་ཚེ།། ལུང་བསྟན་ཇོ་བོ་ལྷ་ཅིག་ཡིན།། བསྙེན་སྒྲུབ་ལས་གཤིན་ཕུར་བ་ཡིན།། ལྷ་འདྲེ་ཡོངས་ཀྱི་སྲོག་སྙིང་ཕུལ།། འབའ་རོམ་ཆེན་པོར་སྐྱེས་པའི་ཚེ།། བླ་མ་དྭགས་པོ་ལྷ་རྗེ་ཡིན།། ཡི་དམ་འཕག་མོ་དམར་ཆུང་ཡིན།། བཀའ་སྲུང་མགོན་པོ་གྲི་གུག་ཅན།། ཨ་ཝ་དྷུ་ཏིར་སྐྱེས་པའི་སྐབས།། བླ་མ་ལ་སྟོད་དཀོན་མཆོག་མཁར།། ཡི་དམ་བདེ་མཆོག་ལྷན་སྐྱེས་ཡིན།། བཀའ་སྲུང་ལྷ་མོ་རེ་མ་ཏི།། ཞང་སྟོན་འཁྲུལ་ཞིག་སྐྱེས་པའི་ཚེ།། བླ་མ་ཞང་ལོ་མྱ་ངན་མེད།། ཡི་དམ་གཤིན་རྗེ་དགྲ་ནག་ཡིན།། བཀའ་སྲུང་དམག་ཟོར་རྒྱལ་མོ་ཡིན།། གཉོས་སུ་སྐྱེ་བ་བླངས་པའི་ཚེ།། བླ་མ་འཇིག་རྟེན་གསུམ་མགོན་ཡིན།། ཡི་དམ་འཇམ་པའི་རྡོ་རྗེ་ཡིན།། བཀའ་སྲུང་ཏྲཀྴད་ནག་པོ་ཡིན།། སངྒྷ་བྷ་དྲར་སྐྱེས་པའི་ཚེ།། བླ་མ་རིན་ཆེན་དབང་གི་རྒྱལ།། ཡི་དམ་འཁོར་ལོ་ཆེན་པོ་ཡིན།། བཀའ་བསྲུང་དཔལ་མགོན་ཏྲཀྴད་ཡིན།། འཇམ་དབྱངས་ཆོས་རྗེར་སྐྱེས་པའི་སྐབས།། བླ་མ་རྗེ་བཙུན་ཙོང་ཁ་པ།། ཡི་དམ་དུས་ཀྱི་འཁོར་ལོ་ཡིན།། བཀའ་སྲུང་མྱུར་མཛད་མགོན་པོ་ཡིན།། ཆོས་ཀྱི་ཉིན་བྱེད་སྐྱེས་པའི་དུས།། བླ་མ་མི་ཡི་ཉི་མ་ཡིན།། ཡི་དམ་སྒྲོལ་མ་རལ་གཅིག་མ།། བཀའ་སྲུང་ཧ་རི་སིདྷ་ཡིན།། གཞན་ཡང་རྫོགས་ཆེན་ཚུལ་བློ་དང་།། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་བ།། འགོས་ལོ་ཆེན་པོ་གཞོན་དུ་དཔལ།། བྲག་དཀར་སེམས་དཔའ་ལ་སོགས་པ།། སྐྱེས་བུ་འདི་རྣམས་ཐུགས་རྒྱུད་གཅིག། ཞིབ་ཏུ་སྨྲ་བར་མི་སྤོབས་ཏེ།། ཆ་ཙམ་རྫུན་མིན་ཡི་གེར་བཀོད།། དྲན་པ་གསལ་དུས་མ་བྲིས་ན།། ཤི་ནས་སུས་ཀྱང་རྟོགས་པར་དཀའ།།” ཞེས་གསུངས་པ་ལྟར། སྐྱེས་པའི་རབས་སྔོན་མ་དེ་དག་གི་རྟེན་འབྲེལ་གྱིས་སྐུ་ཚེ་འདི་ཉིད་ལ་ཡང་ཆོས་བརྒྱུད་རིས་སུ་མ་ཆད་པར་གསན་བསམ་བསྒོམ་པ་མཐར་ཕྱིན་གནང་བ་མ་ཟད། གྲུབ་མཐའ་གཞན་གྱི་བླ་མ་མང་པོས་ཁོང་གི་ཞབས་ལ་གཏུགས། བོད་དབུས་གཙང་གཉིས་ཀྱི་སྡེ་དཔོན་ཆེ་བ་ཐམས་ཅད་ཀྱིས་གཙུག་ཏུ་བཀུར། གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད་པ་རེད།
དེ་བཞིན་དུ་ཁོང་གི་ཡང་སྤྲུལ་ཇོ་ནང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐར(༡༥༧༥-༡༦༣༤)ལ་མཚོན་ན་ཡང་། ངེས་པ་དོན་གྱི་རིས་མེད་བསྟན་པའི་བདག་པོ་ཞིག་ཡིན། ཁོང་གི་རང་རྣམ(རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པ་དེབ་གཏེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། དེབ་གཟུགས། ༤༤)དུ། “ང་ཏཱ་ར་ནཱ་ཐ་སྐྲ་སྤར་གང་ནི་དཔལ་སྟག་ལུང་པ་ལ་བཅད། ཆོས་ནི་ཕྱོགས་མེད་དུ་ཞུས། སེམས་ངོ་ནི་རྟོགས་ལྡན་ལྷ་དབང་བས་སྤྲད། བཀའ་བརྒྱུད་རྟོགས་ལྡན་ཞིག་ཡིན་པ་འདུག་ཟེར་ན་ནི་གཞོགས་གཅིག་ནས་འདྲ་རུང་ཡིན། ལུང་བསྟན་ནི་བྱམས་པ་མགོན་པོས་མཛད། ལྟ་བ་ནི་དོལ་པོ་པའི་ལུགས་སྐྱོང་། ཆོས་སྐད་ནི་རྒྱ་གར་གྲུབ་ཐོབ་ཀྱི་རྗེས་སུ་འབྲང་། ཆོས་ལུགས་སུ་ཡིན་དང་། སུའི་གྲྭ་པ་ཡིན་དེ་ད་ཤེས་པར་གདའམ། བླ་མའི་བྱིན་རླབས་ནི་ཞུགས། མདོ་རྒྱུད་ཀྱི་དོན་ནི་ཤེས། དམ་སྡོམ་ནི་དག གནས་ལུགས་ནི་རྟོགས། ཡི་དམ་ནི་མཇལ། མཁའ་འགྲོ་ནི་འདུ། བཀའ་བསྲུང་ནི་བྲན་དུ་འཁོལ། སྐལ་ལྡན་ནི་རྗེས་སུ་འཛིན། རང་རྒྱུད་ནི་གྲོལ། གཞན་དོན་ནི་ལྷུན་གྱིས་གྲུབ་པ་ཅིག་ཡིན།” ཞེས་གསུངས་པ་ལྟ་བུ་རེད།
ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རིན་འབྱུང་བརྒྱ་རྩའི(ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས། ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། དེབ་ཨང་། ༧༢ ༧༣ ༧༤)དབང་བཀའ་བྱིན་རླབས་ཀྱི་ཆོས་རྒྱུན་གཅིག་པོར་མཚོན་ན་ཡང་། དགེ་ལུགས་པ་སོགས་ཆོས་བརྒྱུད་གཞན་པས་ཕྱག་རྒྱུན་དུ་འདེབས་བཞིན་ཡོད། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས(༡༧༨༡-༡༨༥༣)རྗེ་བཙུན་ཏཱ་ར་ནཱ་ཐའི་རིན་འབྱུང་བརྒྱ་རྩར་ལྷན་ཐབས་རིན་འབྱུང་དོན་གསལ(ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་ལྷན་ཐབས་རིན་འབྱུང་དོན་གསལ་གླེགས་བམ་གཉིས་བཞུགས། ཕྱི་ལོ་ ༡༩༩༩ ལོར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་བསྐྱར་པར་བྱས་པ)ཟེར་བ་མཛད་ཅིང་། དེ་ནས་བཟུང་དགེ་ལུགས་ཕྱོགས་ནས་དབང་དང་རྗེས་གནང་བྱིན་རླབས་སོགས་དེའི་ཐོག་ནས་གནང་བཞིན་ཡོད་ལ། དེང་སྐབས་ཀྱང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་དུ་འཕགས་ཞེས་ལུང་རྒྱུན་ཏཱ་ར་ནཱ་ཐའི་རིན་འབྱུང་བརྒྱ་རྩ་རྐྱང་བའི་ཐོག་ནས་གནང་གིན་ཡོད་པ་སོགས། རྗེ་བཙུན་ཏཱ་ར་ནཱ་ཐའི་མདོ་སྔགས་ཀྱི་གསུང་རབ་ཚད་ལྡན་རྣམས་ཀྱི་དབང་ལུང་ཁྲིད་གསུམ་གྱིས་བོད་ཀྱི་ཆོས་བརྒྱུད་ཡོངས་ལ་མ་ཁྱབ་པ་མེད་པ་ལྟ་བུ་ཡིན།
དེ་བཞིན་དུ་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ(༡༨༤༤-༡༩༠༤)ལགས་ཀྱང་། ཆོས་བརྒྱུད་རིས་མེད་ལ་གསན་བསམ་ཉམས་བཞེས་གནང་མཁན་ཞིག་རེད། ཁོང་གིས་ངག་དབང་ཆོས་ཀྱི་འཕགས་པ་དང་། མཁན་ཆེན་ཨ་དཀོན། རྫོགས་ཆེན་དཔའ་སྤྲུལ་སོགས་རིས་མེད་སྐྱེས་ཆེན་དུ་མ་བླ་མར་བསྟེན་ནས་ཐོས་བསམ་སྒོམ་པ་མཐར་ཕྱིན་མཛད། ཁོང་གི་རིས་མེད་གསུང་རབ་ཀྱི་དབང་དུ་བཏང་ན། དབུ་མ་འཇུག་པའི་འགྲེལ་བ་ཐལ་འགྱུར་བའི་ལུགས་ལྟར་བཀྲལ་བ་དང་། ནཱ་རོ་ཆོས་དྲུག་གི་སྒོམ་རིམ་སྤྱི་དོན་ཆ་ལག་དང་བཅས་པ། འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྐོར་ཀར་གླིང་ཞི་ཁྲོའི་ཁྲིད་ཡིག ལམ་འབྲས་གཞུང་བཤད། ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་རིམ་དང་། སྦྱོར་དྲུག་སྤྱི་དོན་སོགས་རིས་མེད་ཆོས་བརྒྱུད་ཀྱི་གཞུང་ལུགས་མང་དུ་བཞུགས།
རྒྱལ་བ་ཇོ་ནང་བའི་སྔོན་བྱོན་སྐྱེས་ཆེན་རྣམས་ཀྱི་ནང་ནས་ཕྱོགས་མེད་རིས་མེད་མཛད་མཁན་ཧ་ཅང་མང་པོ་ཡོད་མོད། རེ་གཉིས་ཤིག་གི་མཚན་ཙམ་ཞུས་ན་དེ་འདྲ་ཞིག་རེད།
///
དྲི་བ་གཉིས་པ། ཇོ་ནང་ཏཱ་ར་ནཱ་ཐའི་རྣམ་ཐར་ཡོངས་གྲགས་མ་ཡིན་པ་ཞིག་ཡོད་པ་དེ་ག་རེ་ཡིན་ནམ།
/
ལན། དེ་ནི<<རྗེའི་གསང་རྣམ་སྔོ་ལི་མ>>ཞུ་བ་དེ་རེད། མཚན་དེ་ལྟར་ཐོགས་པའི་རྒྱུ་མཚན་གསལ་བོར་ཞུ་རྒྱུ་མེད། ༧རྒྱལ་དབང་ལྔ་བ་སོགས་ཀྱིས་རྟག་བརྟན་སྤྲུལ་སྐུའི་འདོད་པའི་བསྟན་བཅོས་ཞེས་ཟུར་ཟ་བྱེད་མྱོང་། གང་ལྟར་དེང་སྐབས་དེ་ལ་དཔེ་མི་འདྲ་བ་གཉིས་འདུག གཅིག་གི་མཚན་བྱང་ལ<<རྗེ་བཙུན་སྒྲོལ་བའི་མགོན་པོའི་གསང་བའི་རྣམ་ཐར་མི་འགྱུར་བདེ་ཆེན་རྡོ་རྗེའི་རོལ་མོ་མཆོག་ཏུ་གསང་བ>>དང་། ཡང་དཔེ་གཞན་པ་དེའི་མཚན་བྱང་ལ<<ཁྱབ་བདག་སྒྲོལ་བའི་མགོན་པོའི་གསང་བའི་རྣམ་པར་ཐར་བ་ཐབས་ལམ་གསལ་བྱེད>> ཞེས་བཏགས་འདུག མཚན་བྱང་དང་ཡི་གེའི་དག་ཆ། ཡིག་གཟུགས་ཅུང་མི་འདྲ་བ་ཙམ་ལས་སྤྱིར་བཏང་གཅིག་པ་རེད། སྔོན་ཆད་ནས་ང་རང་གིས་ཐོས་མྱོང་བ་དང་མཇལ་མྱོང་བ་དེ་སྔོན་མ་དེ་རེད།
གསང་རྣམ་འདི་ནི་གཙོ་བོ་དཔལ་ལྷན་ཅིག་སྐྱེས་པའི་དགའ་བའམ། ཆགས་ལམ་བདེ་བ་ཆེན་པོ་སྒོམ་ཚུལ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་རྣམ་ཐར་ཞིག་ཡིན་ལ། ཁོང་གིས་མཛད་པའི<<རྡོ་རྗེའི་གནས་པ་བཅུ་གཉིས་ཤིན་ཏུ་གསང་བ་ཉམས་རྟོགས་ཀྱི་རྣམ་ཐར>>(ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། ༤༤ དེབ་གཟུགས།)ཞུ་བ་དེའི་ལྷན་ཐབས་རེད། གསང་རྣམ་འདི་དང་། རྡོ་རྗེའི་གནས་པ་བཅུ་གཉིས། གསང་རྣམ་གཞན་རྣམས། ཐུན་མོང་རྣམ་ཐར་མ་བཅོས་ལྷུག་པ་བཅས་གོང་བསྒྲིག་ནས་བལྟས་ན། ད་གཟོད་ཇོ་ནང་ཏཱ་ར་ནཱ་ཐ་ཞུ་བ་དེ་ཇི་འདྲ་ཞིག་ཡིན་པ་དང་། ཁོང་སུ་ཡིན་པ་གསལ་བོར་ཤེས་ཐུབ། དཔེར་ན། གསང་རྣམ་ལས། “དེ་ཀ་སེམས་ཉིད་བདེ་བ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་བབས་ལགས་སོ།། ཞེས་གསུངས། ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་དེ་དུས་ངོ་འཕྲོད།” ཅེས་ཕྱག་རྒྱ་ཆེན་པོའི་ལྟ་བ་ངོ་སྤྲོད་མཁན་དེ། རྣམ་ཐར་མ་བཅོས་ལྷུག་པ་ལས། “སེམས་ངོ་ནི་རྟོགས་ལྡན་ལྷ་དབང་བས་སྤྲད།” ཅེས་པ་དེ་ཡིན་པ་གསལ་བོར་ཤེས་པ་ལྟ་བུ་རེད།
/
དྲི་བ་གསུམ་པ། ཇོ་ནང་ཁྲིད་བརྒྱ་ཞེས་པ་དེའི་སྐོར་འགྲེལ་བཤད་མདོར་བསྡུས་ཤིག་གནང་རོགས།
/
ལན། <<ཇོ་ནང་ཁྲིད་བརྒྱ>>ཟེར་བ་ནི། གོང་དུ་ཞུས་པ་ལྟར། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་མཛད་ཅིང་། མཚན་རྒྱས་པར<<ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཡི་གེ>>ཟེར། དེ་ལ་གཙོ་བོ་མདོ་སྔགས་གཉིས་ཀྱི་གནད་གསང་མན་ངག་ཟབ་མོའི་བཅུད་ཀུན་ལེགས་པར་བསྡུས་ཏེ། ཁྲིད་ཡིག་བརྒྱ་དང་བརྒྱད་དུ་གཏན་ལ་ཕབ་ཡོད་པས། དོན་ལ་བཀའ་བསྡུ་གནང་བ་རེད་ཅེས་བཤད་ན་ཡང་མི་ཆོག་པ་མེད། དེ་ལ་ཁྲིད་བརྒྱའི་བརྒྱུད་འདེབས་བརྗོད་བདེ་བརྒྱུད་པའི་མཚན་སྡོམ། ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཞབས་རྟེན་ཚིགས་སུ་བཅད་པ། ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་། ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་མ་ཡིན་པ། ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཡི་གེ ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེ་མིག ཁྲིད་བརྒྱའི་མཚན་ཐོ་བཅས་ཆོས་ཚན་དགུ་དང་། ཕྱིས་སུ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད་བརྒྱའི་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་བཅས་ཆོས་ཚན་བཅུ་བཞུགས་ཤིང་། རྩ་བའི་ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཡི་གེར་ཁྲིད་ཡིག་བརྒྱད་དང་བརྒྱད་ཡོད་པས་ཇོ་ནང་ཁྲིད་བརྒྱ་ཞེས་གྲགས་པ་རེད།
།
རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱག་བཞེས་སུ། ཐོག་མར་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་ནས། བཀའ་སྲོལ་མཆོག་གི་ཁྲིད་ཚུལ་དང་། དམར་ཁྲིད་དམ་ཞིབ་ཁྲིད། ཐུན་མིན་རྟོགས་པ་མཆོག་གི་ཁྲིད་ཚུལ་དེ་གསུམ་གྱི་སྒོ་ནས་ཁྲིད་སྲོལ་ཡོད། དེའི་དང་པོ་བཀའ་སྲོལ་མཆོག་གི་ཁྲིད་ཚུལ་ནི། བཀླག་ལུང་ངམ་ལུང་རྒྱུན་ཙམ་ཡིན་ལ། གཉིས་པ་དམར་ཁྲིད་ནི་ཁྲིད་ཚུལ་རྒྱས་པ་ཡིན་མོད། བཀླག་ལུང་བཞིན་བྱས་ཀྱང་ཁྲིད་ཀྱི་གོ་ཆོད་པར་གསུང་སྲོལ་ཡོད་པས་བྱིན་རླབས་དོན་བརྒྱུད་དུ་གྲགས། གསུམ་པ་ཐུན་མིན་རྟོགས་པ་མཆོག་གི་ཁྲིད་ཚུལ་ནི། སྔོན་འགྲོའི་ཁྲིད་སོང་རྗེས། དངོས་གཞིར་མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་སྟེ་ས་བཅད་གསུམ་གྱི་སྒོ་ནས་འཆད་སྲོལ་ཡོད། ཕྱིས་སུ་ཀ༔ཐོག་རིག་འཛིན་ཆེན་པོའི་སྐུ་དུས་སུ་ཇོ་ནང་ཁྲིད་བརྒྱའི་པོད་དབང་བསྐུར་བའི་ཕྱག་སྲོལ་ཞིག་བྱུང་ཡོད་ལ། དེའི་ཆོ་ག་ས་སྐྱ་བ་བློ་གསལ་བསྟན་སྐྱོང་གིས་མཛད་པ<<ཁྲིད་བརྒྱའི་པོད་དབང་བྱེད་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོག>>ཅེས་བྱ་བ་ཞིག་བཞུགས།
ཁྲིད་ཚུལ་གསུམ་གྱི་དང་པོའི་བརྒྱུད་རིམ་ནི། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ནས་རིམ་བཞིན་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེ་ནས་ཇོ་ནང་འཛམ་ཐང་གི་ཕྱོགས་སུ་བརྒྱུད།
གཉིས་པའི་བརྒྱུད་རིམ་ནི། རྗེ་བཙུན་ཀུན་དགའ་གྲོལ་མཆོག ལུང་རིགས་རྒྱ་མཚོ། ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རྗེ་བཙུན་མ་འཕྲིན་ལས་དབང་མོ་ནས་རིམ་བཞིན་ཀུན་བཟང་དབང་བོ། རིག་འཛིན་ཚེ་དབང་ནོར་བུ། གོང་བླ་ཀུན་དགའ་རྣམ་རྒྱལ་ནས་འཛམ་ཐང་གི་ཕྱོགས་སུ་བརྒྱུད་ཅིང་། ཡང་ཀུན་བཟང་དབང་བོ་ནས་ལྕགས་ཟམ་པ་བློ་བཟང་དཔལ་གྲུབ། ལྕགས་ཐང་བ་བཀྲ་ཤིས་འབྱུང་གནས། འཇམ་དབྱངས་བཞད་པ་འཇིགས་མེད་དབང་བོ་སོགས་རི་བོ་དགེ་ལུགས་པའི་ཕྱོགས་སུ་བརྒྱུད།
གསུམ་པའི་བརྒྱུད་རིམ་ནི། རྗེ་བཙུན་ཀུན་དགའ་གྲོལ་མཆོག ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རྗེ་བཙུན་མ་འཕྲིན་ལས་དབང་མོ་ནས་རིམ་གྱིས་ཇོ་ནང་འཛམ་ཐང་གི་ཕྱོགས་སུ་བརྒྱུད་ཅིང་། ཡང་སྤོ་ར་བ་བློ་བཟང་མཐུ་སྟོབས་ནས་དགེ་ལུགས་པའི་ཕྱོགས་སུ་བརྒྱུད་ཚུལ་ཞིག་ཀྱང་ཡོད།
དེ་ལྟ་བུའི་ཇོ་ནང་ཁྲིད་བརྒྱའི་ཁྲིད་ལུང་ལེགས་པར་ཐོབ་ན། ནང་བསྟན་མདོ་སྔགས་གཉིས་ཀྱི་ཟབ་ཁྲིད་ཕལ་ཆེར་ཐོབ་ཡོད་ལ། དེའི་རྒྱབ་ཆོས་ནི་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ལེགས་བསྒྲིགས་མཛད་པའི་མཛོད་ལྔའི་ཡ་གྱལ<<གདམས་ངག་མཛོད>>དེ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཆོས་བཀའ་ལེགས་བསྒྲིགས་མཛད་པ་དེ་ཡིན་ལ། དེའི་ཁྲིད་ལུང་ཀྱང་ཐོབ་ན། དེ་གཉིས་ཀྱི་ནང་དུ་མ་འདུས་པའི་ནང་བསྟན་ཆོས་ལུགས་ཀྱི་ཟབ་ཁྲིད་ཅིག་ཧ་ལམ་མེད་ཅེས་བཤད་ཆོག དཔེར་ན། ཇོ་ནང་ཁྲིད་བརྒྱའི་ནང་དུ་བློ་སྦྱོང་དོན་བདུན་མ་སོགས་བློ་སྦྱོང་གི་སྐོར་དང་། མ་ཅིག་གཅོད་ཀྱི་ཁྲིད་ཡིག་སོགས་ཞི་བྱེད་ཀྱི་ཆོས་སྐོར། སེམས་ཉིད་ངལ་གསོ་སོགས་རྫོགས་ཆེན་གྱི་སྐོར། སྐྱེས་བུ་གསུམ་གྱི་ཁྲིད་ཡིག་སོགས་ལམ་རིམ་གྱི་སྐོར། དབུ་མ་ཆེན་པོའི་ཁྲིད་ཡིག་སོགས་དབུ་མའི་ལྟ་ཁྲིད་སྐོར། བཀའ་གདམས་ལྐོག་ཁྲིད་སོགས་བཀའ་གདམས་ཀྱི་སྐོར། ཤེས་ཕྱིན་བཀའ་བབས་ཁྲིད་ཡིག་སོགས་འཁོར་ལོ་བར་བའི་སྐོར། བྱམས་ཆོས་སྡེ་ལྔའི་ཁྲིད་ཡིག་སོགས་འཁོར་ལོ་ཐ་མའི་དགོངས་འགྲེལ་གྱི་སྐོར། ལམ་འབྲས་སོགས་ས་སྐྱའི་ཆོས་སྐོར། ནཱ་རོ་ཆོས་དྲུག་སོགས་བཀའ་བརྒྱུད་པའི་ཆོས་སྐོར། དུས་འཁོར་སྦྱོར་དྲུག་སོགས་ཇོ་ནང་ཆོས་སྐོར། སྟག་ལུང་པའི་ཆོས་དྲུག་སོགས་སྟག་ལུང་ཆོས་སྐོར། རང་སྟོང་གི་ལྟ་ཁྲིད་སོགས་ཐལ་འགྱུར་བའི་སྐོར། བསྙེན་སྒྲུབ་སོགས་ཨོ་རྒྱན་པའི་ཆོས་སྐོར། གསང་འདུས་རིམ་ལྔ་སོགས་རྒྱུད་སྡེའི་བསྐྱེད་རྫོགས་ཀྱི་སྐོར། སྤྱན་རས་གཟིགས་ཀྱི་ཁྲིད་ཡིག་སོགས་ཡི་དམ་གྱི་སྐོར། དཔལ་གུར་གྱི་མགོན་པོའི་ནང་ཁྲིད་སོགས་ཆོས་སྐྱོང་སྲུང་མའི་སྐོར་སོགས། མདོར་ན་ནང་བསྟན་གྲུབ་མཐའ་རིས་སུ་མ་ཆད་པའི་མན་ངག་ཟབ་མོའི་ཁྲིད་ཡིག་མ་ཚང་བ་མེད་པ། གང་ལས་བརྒྱུད་པའི་ཁུངས་བཅས་གསལ་བོར་སྟོན་པའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡིན།
དེ་ལྟ་བུའི་ཟབ་ཁྲིད་ཆོས་མཛོད་ཆེན་པོ་འདི་ཉིད། ད་ལྟའི་ཆར་ཡང་ཇོ་ནང་ཁོ་ན་མ་ཡིན་པར་ས་སྐྱ་བ་དང་། རྙིང་མ། དགེ་ལུགས། བཀའ་བརྒྱུད་བཅས་སུ་ཇོ་ནང་ཁྲིད་བརྒྱའི་ཁྲིད་ལུང་གི་རྒྱུན་མ་ཉམས། བྱིན་རླབས་ཀྱི་ཚན་ག་མ་ཡལ། དམ་སེལ་གྱི་གཡའ་ཡིས་མ་གོས་པར་བཞུགས་ཡོད།
/
དྲི་བ་བཞི་བ། སྔོན་ཆད་དུས་འཁོར་དབང་ཆེན་གནང་སྲོལ་འདི་ཇོ་ནང་བ་དང་དགེ་ལུགས་པའི་གྲལ་དུ་མ་གཏོགས་དེ་ཙམ་མི་འདུག དེང་སྐབས་ཆོས་བརྒྱུད་གཞན་པའི་བླ་མས་ཀྱང་དུས་འཁོར་དབང་ཆེན་གནང་གིན་འདུག་པ་འདིར་དགོངས་ཚུལ་ག་རེ་ཡོད་དམ།
/
ལན། ཇོ་ནང་བའི་ཆོས་འབྱུང་ལོ་རྒྱུས་སུ་བལྟས་པ་ཡིན་ན། ཇོ་ནང་གོང་མ་རྣམ་གསུམ་(ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ།)གྱི་སྐུ་རིང་ལ་དུས་འཁོར་དབང་ཆེན་ཁྲོམ་དབང་གནང་སྲོལ་ཆེར་མེད་པ་འདྲ། གཙོ་བོ་དུས་འཁོར་གྱི་བསྐྱེད་རིམ་རྡོ་རྗེ་བཞི་དང་། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རིམ་བཞིན། དུས་འཁོར་དབང་ཆེན་གནང་སྲོལ་ཡོད། དཔེར་ན། ཐུན་མོང་སྔོན་འགྲོ་གྲུབ་ནས་དུས་འཁོར་བསྐྱེད་རིམ་སྒོམ་སྐབས། དུས་འཁོར་གྱི་བྱིས་འཇུག་དབང་བདུན་དང་། རྫོགས་རིམ་གྱི་ཐུན་མིན་སྔོན་འགྲོ་དབེན་པ་གསུམ་གྱི་སྐབས། དུས་འཁོར་གྱི་དབང་གོང་མ་གོང་ཆེན་བཞི། རྫོགས་རིམ་སྦྱོར་དྲུག་མཐར་ཕྱིན་པའི་སྐབས་བདག་པོ་བདག་ཆེན་གྱི་དབང་བཅས་ལེགས་པར་བསྐུར་སྲོལ་ཡོད།
དེ་རྗེས་རྒྱལ་བའི་ལུང་བསྟན་ཀུན་མཁྱེན་དོལ་བོ་སངས་རྒྱས་ཡབ་སྲས་ཀྱི་སྐབས། དུས་འཁོར་དབང་ཆེན་ཁྲོམ་དབང་དུ་བསྐུར་བའི་ཕྱག་སྲོལ་ཆེ་ཙམ་བྱུང་ཡོད། འོན་ཀྱང་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་དང་། བསྐྱེད་རྫོགས་ཀྱི་ཉམས་ལེན་གཙོ་བོར་མཛད་པ་ལས། དུས་འཁོར་དབང་ཆེན་རྐྱང་རྐྱང་བསྐུར་གནང་བ་ཞིག་མ་རེད།
རི་བོ་དགེ་ལུགས་པའི་ནང་དུ་མཚོན་ན། ཕལ་ཆེར་༧རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོའི་རིང་ནས་དུས་འཁོར་དབང་ཆེན་ཁྲོམ་དབང་དུ་བསྐུར་རྒྱུའི་ཕྱག་བཞེས་དར་ཡོད་པ་འདྲ། འོན་ཀྱང་དུས་འཁོར་གྱི་དབང་ཆེན་དང་། རྒྱུད་འགྲེལ་གྱི་འཆད་ཉན་ཐར་ཐོར་ཙམ་ལས། དེའི་བསྐྱེད་རྫོགས་ཀྱི་ཉམས་བཞེས་གནང་སྲོལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་ལ། དུས་དབང་གི་བརྒྱུད་རིམ་ཡང་དུས་འཁོར་འབྲོ་ལུགས་སམ་ཇོ་ནང་ལུགས་ཡིན་པ་རྒྱལ་དབང་སྐལ་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་སྒྲུབ་ཐབས། རྣམ་རྒྱལ་གྲྭ་ཚང་གིས་རྒྱུན་ལྡན་དུ་འདོན་བཞིན་ཡོད་པ་དེའི་བརྒྱུད་འདེབས་སུ(བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་། ཤིང་པར། 156b-157a)གསལ་བོར་ཡོད།
སྤྱིར་བཏང་ཡི་དམ་གང་དང་གང་གི་སྒོ་ནས་སློབ་མར་དབང་བསྐུར་བྱེད་འདོད་ན། དབང་སྐུར་བ་པོར་དེ་དང་དེའི་དབང་ལུང་ཁྲིད་གསུམ་ལེགས་པར་ཐོབ་དགོས་པ་མ་ཟད། དེའི་བསྐྱེད་རྫོགས་ཀྱི་ཉམས་ལེན་ཡང་བྱས་ཟིན་པ་ཞིག་ངེས་པར་དུ་དགོས། དཔེར་ན། དུས་འཁོར་དབང་ཆེན་སྐུར་མཁན་ཞིག་ལ་མཚོན་ན། དུས་འཁོར་དབང་ཆེན་ཐོབ་པ་ཙམ་མ་ཡིན་པར། དུས་འཁོར་གྱི་བསྐྱེད་རྫོགས་གཉིས་ཀ་ཉམས་ལེན་བྱས་ཚར་བ་ཞིག་དགོས། དེ་མིན་དུས་འཁོར་དབང་ཆེན་ལན་གཅིག་ཐོབ་པ་ཙམ་གྱིས་ཕར་སློབ་མར་དབང་བསྐུར་བྱེད་པ་ནི། སྤྱིར་བཏང་གི་བརྒྱུད་རིམ་དང་སྒྲིག་གཞིར་ཡོངས་སུ་འགལ་བ་ཞིག་རེད། ད་དུང་རྟེན་གྱི་དབང་དུ་བྱས་ན་ཡང་། དུས་འཁོར་དབང་བསྐུར་བྱེད་མཁན་རབ་དགེ་སློང་རྡོ་རྗེ་འཛིན་པ་དང་། འབྲིང་དགེ་ཚུལ་རྡོ་རྗེ་འཛིན་པ། ཐ་མ་ཁྱིམ་པ་རྡོ་རྗེ་འཛིན་པ་ཡིན་ཚུལ་དུས་འཁོར་རྒྱུད་དུ་གསུངས་ཡོད། འོན་ཀྱང་གང་ཟག་ཁྱད་པར་བ་རེ་ཡིན་ན་ནི་གནས་ཚུལ་ཐ་དད་རེད། གང་ལྟར་རང་ཉིད་ལ་དུས་འཁོར་དབང་ཆེན་བསྐུར་རྒྱུའི་ཆ་རྐྱེན་ཡོངས་སུ་ཚང་ན། ཆོས་བརྒྱུད་དང་གྲུབ་མཐའི་རྒྱལ་མཚམས་མེད་ཀི་བསམ་གི ཡིན་ན་ཡང་དེང་སྐབས་འཛམ་གླིང་ཐོག་དུས་འཁོར་ཆོས་ཚོང་ཡག་ཤོས་ཤིག་ཆགས་བསྡད་ཡོད་པ་རེད།
/
དྲི་བ་ལྔ་བ། ཤམ་བྷ་ལ་ཞེས་པ་དེ་དེང་སྐབས་མཇལ་རྒྱུ་འདུག་པའི་ཤམ་བྷ་ལའི་ལམ་ཡིག་དེ་འདྲར་བརྟེན་ནས་རྙེད་ཐུབ་བམ།
/
ལན། སྤྱིར་བཏང་ཤམ་བྷ་ལའི་ལམ་ཡིག་འགའ་རེ་མཇལ་རྒྱུ་ཡོད་མོད། ཡག་ཤོས་ནི་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་བསྒྱུར་གནང་མཛད་པའི<<དཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་བ་ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག>>ཞེས་པ་འཕགས་པ་དོན་ཡོད་ལྕགས་ཀྱུས་མཛད་པ་དེ་དང་། ཤར་ཝོད་ཆོས་མཛད་ཀྱིས་མཛད་པ<<དཔལ་ལྡན་ཤམ་བྷ་ལ་ནས་དུས་བཞི་ཕྱི་མའི་བསྟན་པ་དར་ཚུལ་ཅུང་ཟད་བཤད་པ་ཀ་ལཱ་པ་ཡི་གྲོང་ཁྱེར་སྟོན་པའི་ས་མཁན>>ཞེས་པ་འདི་གཉིས་ཡིན་པ་འདྲ།
དེའི་དང་པོའི་ལོ་རྒྱུས་ཅུང་ཟད་བཤད་ན། རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་དུ། “འདི་སྐབས་རྒྱ་གར་ཡུལ་དབུས་ཝཱ་རཱ་ཎ་སཱི་ནས། བྲམ་ཟེ་པཎྜི་ཏ་ཀྲྀཥྞ་ཞེས་བྱ་བ་སྒྲ་སོགས་ཕྱི་རོལ་གྱི་རིགས་གནས་ལ་ཤིན་ཏུ་བྱང་བ། བྱེ་བྲག་པ་དང་། རིག་པ་ཅན་པ་དང་། རིག་བྱེད་མཐའ་པའི་གཞུང་གསུམ་ལ་ཤིན་ཏུ་སྦྱངས་པ་ཆེ་བ་ཞིག ཁྱད་པར་སྒྲ་ལ་ཆེས་མཁས་པའི་གྲུབ་འབྲས་སཾ་སྐྲི་ཏའི་སྐད་ལ་བྱང་བའི་མཐར་ཐུག་པ་རང་ཅིག་བྲམ་ཟེའི་བུ་ལོན་མ་ཁྱེར་བའི་སློང་མོ་ལ་བྱུང་བས། ཁོང་ལ་དབྱངས་ཅན་མའི་སྒྲ་མདོ་ནས་ཅུང་ཟད་ཉན། དགོས་པ་རང་མི་འདུག་ཀྱང་རྩེད་མོ་ཚུལ་དུ་ལྷ་ཀྲྀཥྞའི་གསུང་ལེགས་ལྡན་གྱི་གླུ་ནས་ལེའུ་གཉིས་དང་། ཁྱབ་འཇུག་ཆེན་པོའི་མཚན་སྟོང་གི་འགོ་རྒྱངས་ཕན་ཡོན་དེ་བསྒྱུར། དེ་རྗེས་དབྱངས་ཅན་བྱཱ་ཀ་ར་ཎའི་འགོ་ནས་མཚམས་སྦྱོར་བུད་ཙམ་བསྒྱུར་ཅིང་། ཁྱད་པར་དུ་དོན་ཆེ་བ་ལ། རི་བོ་ཆེ་ནས་བྱུང་བའི་རྒྱ་དཔེའི་སེབ་ན། དཔལ་ལྡན་ཀ་ལཱ་པར་སྒྲོད་ཐབས་ཀྱི་གཞུང་བལ་པོའི་དཔེ་ཞིག་བྱུང་བ། ཁ་ཡིག་ལ་ཀ་ལཱ་པཱ་བ་ཏ་ར་ཞེས་འདུག་པས་སྒྲ་མདོ་ཀ་ལཱ་པའི་བཤད་པ་ཞིག་ཡིན་ནམ་སྙམ་ནས་སྒྲའི་གསེབ་ཀྱི་རྒྱ་དཔེའི་སྡེབས་ལ་བཅུག་འདུག གང་ལྟར་དེ་ཡོངས་སུ་རྫོགས་པར་བསྒྱུར་བས་ངོ་མཚར་ཆེ་བར་བྱུང་། སྤྱིར་སྔོན་གྱི་ལོ་རྒྱུས་ལ་ཤམྦྷ་ལའི་ལམ་ཡིག་དང་པོ་ཏ་ལའི་ལམ་ཡིག་སོགས་རྡོ་རྗེ་གདན་ཀྱི་སྒོའི་རྡོ་ཁང་ན་ཡོད་ཅེས་འབྱུང་བའི་ཤམྦྷ་ལའི་ལམ་ཡིག་དེ་འདི་ཡིན་པར་འདུག” ཅེས་གསུངས་ཡོད། ལམ་ཡིག་དེའི་ནང་དུ་དུས་འཁོར་རྩ་རྒྱུད་དུ་ཤམ་བྷ་ལ་སྤྲུལ་བའི་གྲོང་ཁྱེར་ཡིན་ཚུལ་དང་། དུས་འཁོར་བསྡུས་རྒྱུད་དུ་ཡང་དེ་དང་མཚུངས་པར་གྲོང་ཁྱེར་ཆེན་པོ་བྱེ་བ་དགུ་བཅུ་གོ་དྲུག་ཡོད་པའི་རྒྱལ་ཁམས་ཆེན་པོ་ཞིག་ཡིན་པར་གསུངས་པ་བཞིན། སྒྲུབ་པ་པོ་ནུས་མཐུ་གྲུབ་པ་ཞིག་མིན་ན། ཤམ་བྷ་ལར་བགྲོད་མི་ཐུབ་ཚུལ་གསལ་བོར་གསུངས་ཡོད།
དེར་བརྟེན། ངས་བཤད་འདོད་པ་ནི། ཤམ་བྷ་ལ་འཇིག་རྟེན་འདིའི་ཐོག་ཏུ་ཡོད་ཅེས་ཟེར་བ་དེ་ཡིན། འོན་ཀྱང་ཐུན་མོང་གི་སྣང་ངོར་གྲུབ་པའི་ཡུལ་ཞིག་མིན་ལ། ཡོད་ན་ཐུན་མོང་གི་སྣང་ངོར་གྲུབ་ཀྱང་མི་དགོས། གལ་ཏེ་ཤམ་བྷ་ལ་ཐུན་མོང་གི་སྣང་ངོར་དངོས་སུ་ཡོད་པའི་རྒྱལ་ཁམས་ཞིག་ཡིན་ན། དེ་ལ་གྲོང་ཁྱེར་བྱེ་བ་དགུ་བཅུ་གོ་དྲུག་ཡོད་པར་གསུངས་ཡོད། དེ་འདྲའི་རྒྱལ་ཁམས་ཆེན་པོ་ཞིག་སའི་གོ་ལའི་ཐོག་ཤོང་མིན་ལ་བསམ་གཞིགས་མི་བྱེད་ཐབས་མེད་རེད། འོ་ན། དོན་ངོ་མར་ཤམ་བྷ་ལ་ཟེར་བ་དེ་གང་དུ་ཡོད་དམ། དེ་ཇི་འདྲ་ཞིག་ཡིན་སྙམ་ན། ཤམ་བྷ་ལ་ནི་འཇིག་རྟེན་འདིའི་ཐོག་ཏུ་ཡོད་པའི་སྦས་ཡུལ་གྱི་འཇིག་རྟེན་ཆེན་པོ་ཞིག་རེད། ཤར་ཝོད་ཆོས་མཛད་རིན་པོ་ཆེས། “དེས་ན་རྒྱལ་བའི་བཀའ་དྲི་མ་མེད་པ་ལས་ལུང་བསྟན་པའི་སྦས་ཡུལ་ཆེན་པོ་དཔལ་ལྡན་ཤམ་བྷ་ལ་”ཞེས་གསུངས་པ་ལྟར། ངེས་དོན་གྱི་ཤམ་བྷ་ལ་ནི་སྤྲུལ་བའི་རྒྱལ་ཁམས་སམ་སྦས་ཡུལ་ཞིག་ཡིན་པས། འདིར་ཡོད་དང་དེར་མེད་པའི་ཁ་ཚོན་གཅོད་མི་ཐུབ་མོད། དུས་འཁོར་རྒྱུད་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་ཤམ་བྷ་ལའི་ལམ་ཡིག་ཏུ། “འདི་ནས་བྱང་གི་ཕྱོགས་ཆ་ན།། ཀེ་ལ་ཤ་ཡི་རི་བོའི་ངོགས།། གྲོང་ཁྱེར་ཀ་ལ་པ་ཞེས་ཡོད།།” ཅེས་གསུངས་པ་ལྟར། རྒྱ་གར་རྡོ་རྗེ་གདན་དབུས་སུ་བཞག་པའི་བྱང་ཕྱོགས་བོད་ཀྱི་གངས་དཀར་ཏི་སེའི་གོ་ས་ན་ཡོད་ཅེས་བཤད་ཀྱང་འགལ་བ་སྤུ་ཙམ་མེད། གཅིག་བྱས་ན། གྷི་རིག་གི་གཏམ་རྒྱུད་ཅིག་ཏུ། གཞན་གྱིས་བགྲོད་དཀའི་བྱང་མཐར་གནས་པའི་རྒྱལ་ཁབ་བམ། བྱང་མཐའི་སྦས་ཡུལ་ཟེར་བ་དེ་དང་འབྲེལ་བ་ཡོད་སྲིད་ལ། དབྱིན་ཡུལ་གྱི་ཚན་རིག་པ་ Stephen William Hawking ལགས་ཀྱིས་རྙེད་པའི་སའི་གོ་ལའི་བྱང་སྣེའི་ཐོག་གི་ནག་ཁུང་ཟེར་བ་དེ་དང་ཡང་འབྲེལ་བ་མེད་མི་སྲིད་པ་མ་རེད།
/
དྲི་བ་དྲུག་པ། ཁལ་ཁ་རྗེ་བཙུན་དམ་པ་ཞིང་གཤེགས་ཁོང་གིས་ནམ་རྒྱུན་ཐུགས་དམ་ཉམས་བཞེས་གཙོ་བོ་དེ་ག་རེ་ཡིན་ནམ།
/
ལན། ཇོ་ནང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེ་མཆོག་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རྩ་བའི་བླ་མ་རྣམ་པར་སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མིན་དུ་ཡོད་ཅིང་། ཕེབས་བཞུགས་སོགས་སྤྱོད་ལམ་ཐམས་ཅད་བླ་མར་སྙན་སེང་སྔོན་དུ་ཞུས་ནས་བཀའ་ཁྲོལ་ཐོབ་རྗེས། ད་གཟོད་མཛད་པ་དངོས་ལ་འཇུག་པ་སོགས་མདོར་ན་བཤེས་གཉེན་བསྟེན་ཚུལ་བླ་མ་ལྔ་བཅུ་བ་ནས་ཇི་ལྟར་གསུངས་པ་བཞིན་མཛད་ཅིང་། ལས་ཚོགས་དང་སྒྲུབ་ཐབས་སོགས་མང་པོ་མི་འཚོལ་བར་ཟབ་དོན་གཅོད་ཀྱི་གདམས་པ་སྡེ་སྣོད་གསུམ་དང༌། སྐྱེས་བུ་གསུམ་གྱི་ལམ་དང་སྦྱར་ཏེ་ཉམས་ལེན་གནང་མཁན་ཞིག་ཡིན།
དེ་བཞིན་དུ་ཁོང་གི་ཞལ་སློབ་བླ་སྤྲུལ་རྣམ་པར་སྨོས་ཅི་དགོས། ཞལ་སློབ་དཀྱུས་མ་རྣམས་ཀྱི་ནང་ན་ཡང་། ལྷ་དང་བླ་མར་དད་མོས་དང་སེམས་ཅན་ལ་སྙིང་རྗེ་ཆེ་བ། ཆོས་ལ་ཕྱོགས་རིས་མེད་ཅིང་ཕྲག་དོག་ཆུང་བ། རང་བཞིན་གྱིས་རྒྱུད་འཇམ་ཤིགས་སེ་ཡོད། དེ་ཡང་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་རང་རྣམ(ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཞིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་ཀྱི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན། རིན་ཆེན་གཏེར་མཛོད། གླེགས་བམ་གོ་ལྔ་པ། ཨཱ༔ ཤོག་ངོས། ༦ མཚུར་ཕུ་ཤིང་པར།)དུ་ལུང་དྲངས་པ། “རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས། སྐྱེས་བུ་དམ་པ་ཞིག་ཡིན་ན་གང་དུ་བྱོན་པའི་ཤུལ་དེར་དད་པ་དང་སྙིང་རྗེ་ཆེ་བ། ཕྱོགས་རིས་དང་ཆགས་སྡང་ཆུང་བ། སྐྱེ་བོ་རྣམས་རྒྱུད་འཇམ་ཤིགས་སེ་འགྲོ་བ་ཞིག་དགོས་པ་ཡིན། དད་མོས་དང་སྙིང་རྗེ་ཆུང་དུ་སོང་། ཕྱོགས་རིས་དང་ཁ་འཛིན་ཆགས་སྡང་ཇེ་འཕེལ་དུ་སོང་། དེ་ལ་བརྟེན་ནས་ཁ་མཆུ་རྩོད་གླེང་འཐབ་རྩོད་སོགས་རྒྱུད་རྩུབ་ཟིང་དུ་སོང་ན་མི་དགེ་བའི་བཤེས་གཉེན་ཡིན་པའི་རྟགས་ཡིན་”སོགས་གསུངས་པ་ལྟར། བླ་སློབ་གཉིས་ཀའི་རྒྱུད་འཇམ་ཤིགས་སེ། ནམ་རྒྱུན་སོས་དལ་བག་ཕེབས་ངང་བཞུགས་འདུག་པ་འདི་འབྲེལ་ཚད་དོན་ལྡན་གྱི་རྣམ་ཐར་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། འདི་དག་ནི་ང་རང་གིས་རྗེ་བཙུན་རིན་པོ་ཆེར་ལྟ་ཚུལ་ལམ་མཐོང་ཚུལ་ཙམ་ཡིན།
/
དྲི་བ་བདུན་པ། ཁྱེད་ཀྱིས་རིས་མེད་ཆོས་བརྒྱུད་ཉམས་བཞེས་གནང་གི་ཡོད་དམ།
/
ལན། ངས་སྤྱིར་བཏང་ཉམས་ལེན་ཟེར་བ་དེ་ཤེས་ཀྱིན་མེད་སྟབས། རིས་མེད་ཆོས་བརྒྱུད་ཉམས་ལེན་ཟེར་བ་དེ་བས་ཀྱང་མི་ཤེས་མོད། ཆུང་དུས་ནས་རྒྱལ་བ་ཇོ་ནང་བ་དང་། རི་བོ་དགེ་ལུགས་པ། སྔ་འགྱུར་རྙིང་བ་མ། དཔལ་བཀའ་བརྒྱུད་པ་སོགས་ཀྱི་བཤེས་གཉེན་མང་པོའི་དྲུང་ནས་དབང་ལུང་ཁྲིད་གསུམ་མང་དུ་ཐོབ་མྱོང་། དེར་བརྟེན་བོད་དུ་ཡོད་སྐབས་ཆོས་བརྒྱུད་དང་ཆོལ་ཁའི་ས་མཚམས་ཟེར་བ་དེ་གཏན་ནས་མི་ཤེས། ཡིན་ན་ཡང་བལ་ཡུལ་སྣེ་ལེན་ཁང་དུ་སླེབས་དུས་འབྲེལ་ཡོད་མི་སྣས་ཆོས་བརྒྱུད་གང་ཡིན་ཞེས་དྲིས་དུས། ལན་མ་ཐེབས་པའི་དཀའ་ངལ་ཆེན་པོ་འཕྲད་མྱོང་། གང་ལྟར་རྒྱ་གར་དུ་སླེབས་ཕྱིན་ཆད་ནས། ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་ཇོ་ནང་བ་ཡིན་ཟེར་དགོས་བྱུང་བ་མ་ཟད། དེའི་སྤྱི་འབངས་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱས་པ་ཡང་ཉུང་ཉུང་མིན། འོན་ཀྱང་སྒེར་ངོས་ནས་ད་དུང་སྔར་གྱི་བསམ་བློ་མ་འགྱུར་བར་ཡོད་ལ། ཆོས་ཚོགས་ཆུང་ཆུང་འདིའི་ནང་དུ་ཡང་ཆོས་བརྒྱུད་ཚང་མའི་བསྟན་པའི་སྲོལ་འབྱེད་རྣམས་ཀྱི་ཐང་ག་བཤམས་ཡོད། དྲང་མོར་ཞུས་ན། ངས་རང་ཉིད་ཀྱིས་རིས་མེད་བྱེད་ཀྱིན་ཡོད་མེད་མི་ཤེས་མོད། རིས་མེད་ཅིག་ཡིན་པའི་རེ་བ་ཡོད། མ་གཞི་ང་ལ་ཉམས་ལེན་གང་ཡང་མེད། ཁ་འདོན་ཡང་འཇམ་དཔལ་མཚན་བརྗོད་དང་། དུས་འཁོར་རིམ་གཉིས་སྨོན་ལམ་གཉིས་ལས་གང་ཡང་མེད། དེ་འདྲ་ཡིན། ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༠ ཉིན།
/
།