རིས་མེད་ཞི་བདེའི་ཐུགས་སྨོན་ཕྱོགས་བསྒྲིགས་བཞུགས།
ཐེངས། 35808 བཀླགས་འདུག
སྨོན་ལམ་རྣམ་པར་དག་པའི་མདོ། ༼གཡུང་དྲུང་བོན།༽
།
༄༅།། ན་མོ་བདག་ལ་སོགས་པར་གྱུར་པ་ཡི།། རབ་འབྱམས་ཞིང་འདིར་ཇི་སྲིད་འགྲོ་བའི་ཚོགས།། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི།། བསོད་ནམས་བསག་གྱུར་དགེ་བའི་རྩ་བ་ཀུན།། དེ་དག་འགྲོ་ཀུན་སྒྲིབ་སྦྱངས་ཚོགས་རྫོགས་ནས།། མྱུར་དུ་སངས་རྒྱས་ས་ལ་དགོད་པའི་ཕྱིར།། བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ།། དགེ་བ་བསོད་ནམས་དེ་ཡིས་མཐུ་དཔལ་དང་།། སྨོན་ལམ་མཐའ་ཡས་རྒྱལ་བའི་བྱིན་རླབས་ཀྱིས།། བདག་གིས་སྨོན་ལམ་བཏབ་པ་ཅི་ལྟ་བ།། ཀུན་ནས་ཡོངས་སུ་འགྲུབ་པར་མཛད་དུ་གསོལ།། འཇིག་རྟེན་འདི་དང་ཕ་རོལ་ཐམས་ཅད་དུ།། བསོད་ནམས་བསགས་དང་དགེ་བའི་མཐུ་སྟོབས་ཀྱིས།། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན།། བསམ་པའི་དོན་ཀུན་རབ་ཏུ་འགྲུབ་པར་ཤོག།། འཇིག་རྟེན་ཞིང་འདིར་བཀྲ་ཤིས་བདེ་ལེགས་ཤིང་།། ནད་དང་འཁྲུག་པ་མུ་གེའི་རྒྱུན་ཆད་ནས།། ཆར་ཆུ་དུས་བབས་ལོ་ཏོག་རྟག་ཏུ་ལེགས།། ཞིང་ཁམས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག། འཇིག་རྟེན་ཁམས་འདིར་བསམ་པ་རྩེ་གཅིག་ཏུ།། དཀར་པོ་དགེ་ལ་མོས་གྱུར་ཇི་སྙེད་རྣམས།། བསམ་པ་བར་ཆད་མེད་པར་འགྲུབ་གྱུར་ནས།། བོན་དང་མཐུན་པའི་དོན་ཀུན་འགྲུབ་པར་ཤོག། །འཇིག་རྟེན་ཁམས་འདིར་དབུལ་ཞིང་འཕོངས་པ་དང་།། ཉོན་མོངས་ཟུག་རྔུས་གདུངས་བའི་སེམས་ཅན་རྣམས།། བསོད་ནམས་དམའ་དང་དབུལ་འཕོངས་སྡུག་བསྔལ་ཞི།། དཔལ་གྲགས་བསྟན་པ་རབ་ཏུ་རྒྱས་པར་ཤོག། །འཇིག་རྟེན་ཁམས་འདིར་དོན་མཛད་རྒྱལ་བའི་སྲས།། འགྲོ་ལ་ཕན་བདེ་མཛད་པ་འཕགས་པའི་ཚོགས།། སྐུ་ཚེ་ཡོན་ཏན་གདུལ་བྱ་ཕུན་སུམ་ཚོགས།། འཕྲིན་ལས་མཐར་ཕྱིན་མཛད་པ་མཐར་རྫོགས་ཤོག། །འཇིག་རྟེན་ཁམས་འདིར་ནད་དང་གནོད་པ་དང་།། རྐྱེན་དང་བར་ཆད་མི་མཐུན་ཕྱོགས་རྣམས་ཀུན།། ཞི་བས་སྤ་སྐོང་དྲག་པོས་ཚར་གཅོད་ནས།། ཞི་བདེ་མཉམ་པའི་ཆ་ལ་གནས་པར་ཤོག། །འཇིག་རྟེན་ཁམས་འདིར་ཚེ་དཔལ་ཉམས་གྱུར་དང་།། ཚེ་ཟད་དུས་བབས་སྲོག་ལ་ཉེས་པ་ཡང་།། གཡུང་དྲུང་སྐུ་ལ་ནམ་མཁའི་ཚེ་སྲོག་ཐོབ།། དཔལ་མཆོག་ཉི་ཟླ་དག་དང་མཉམ་པར་ཤོག། །འཇིག་རྟེན་ཁམས་ན་སེམས་བསྐྱེད་མེད་པ་ཡི།། འགྲོ་ལ་གནོད་ཅིང་འཚེ་བར་གྱུར་པ་རྣམས།། བྱམས་དགའ་བཏང་སྙོམས་སྙིང་རྗེ་ཆེར་ལྡན་ཞིང་།། ཚད་མེད་བཞི་ཡིས་འགྲོ་བ་སྐྱོབ་པར་ཤོག།། འཇིག་རྟེན་ཁམས་འདིར་རང་དོན་ཁོ་ན་རུ།། རང་ཉིད་ཀོར་ཙེས་གཞལ་བྱར་གྱུར་པ་རྣམས།། རང་བས་གཞན་དོན་གཙོ་བོར་མཛད་ནས་སུ།། བདག་ཕྱོགས་མེད་པའི་སྨོན་ལམ་མཐའ་ཡས་ཤོག། །འཇིག་རྟེན་ཁམས་འདིར་དམུས་ལོང་མགོ་འཁོར་ཞིང་། མ་རིག་རྨོངས་པར་གྱུར་པའི་སེམས་ཅན་རྣམས། རང་རིག་ཡེ་ཤེས་རྒྱུད་ལ་འཆར་གྱུར་ནས།། ཐབས་དང་ཐུགས་རྗེས་ཟུང་འབྲེལ་དོན་བྱེད་ཤོག། །འཇིག་རྟེན་ཁམས་འདིར་བློ་རྨོངས་དོན་ལ་འཁྲུལ།། མ་རིག་འཁྲུལ་པར་གྱུར་པའི་སེམས་ཅན་རྣམས།། འཁྲུལ་མེད་ཡེ་ཤེས་ཤེས་རབ་དོན་ལྡན་ནས།། རྣམ་གསུམ་མཆོག་ལྡན་འགྲོ་བའི་དཔལ་གྱུར་ཤོག།། འཇིག་རྟེན་ཁམས་འདིར་སྲོག་དབུགས་བསྡུས་པ་ཡི།། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས།། འདྲེན་པ་སྟོན་པའི་ཐུགས་རྗེས་ཟིན་གྱུར་ནས།། བླ་མེད་ཐར་པའི་ལམ་ལ་འཁོད་པར་ཤོག། །འཇིག་རྟེན་ཁམས་འདིར་དལ་འབྱོར་ལུས་ཐོབ་ཅིང་།། སྨྲ་བསམ་དབང་དང་ལྡན་པའི་འགྲོ་བ་རྣམས།། སངས་རྒྱས་བསྟན་པ་དག་ལ་རབ་ཞུགས་ནས།། འཁོར་བའི་ལས་སྤང་དམ་པའི་དོན་སྤྱོད་ཤོག། འཇིག་རྟེན་ཁམས་འདིར་བསྟན་པའི་རྗེས་འབྲང་ཞིང་། བསླབ་གསུམ་སྒོར་ཞུགས་དགེ་བའི་ལས་སྤྱོད་རྣམས།། ལམ་ལྔ་ས་བཅུའི་ཡོན་ཏན་མཐར་རྫོགས་ནས།། ཀུན་སྣང་འོད་ཀྱི་གླིང་དུ་སངས་རྒྱས་ཤོག།།
སྟོན་པ་སངས་རྒྱས་གཤེན་རབ་མི་བོས་མཛད་པའི་ལེགས་སྤྱོད་སྨོན་ལམ་རྣམ་པར་དག་པའི་མདོ་ལས་ཟུར་དུ་ཕྱུང་བའོ།
།
འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ། ༼སྔ་འགྱུར་རྙིང་མ།༽
།
ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །
།
ཨོཾ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤཱུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །
།
ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང༌། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པ་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་བ་གསུམ་པའི་ཚེས་གསུམ་གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོའོ།
།
རྗེ་བཙུན་གྱིས་གསུངས་པའི་སྨོན་ལམ་གྱི་མགུར། ༼འགྲོ་མགོན་བཀའ་རྒྱུད།༽
།
༈།། རྗེ་བཙུན་གྱི་ཞལ་ནས། འོ་ན་ཁྱེད་རྣམས་ཀྱིས་ང་ལ་དད་པའི་སྒོ་ནས་རྒྱགས་སྦྱངས་པས་བཀའ་དྲིན་ཆེ། ངས་ཀྱང་སེམས་བསྐྱེད་བཟང་པོས་ཁྱེད་རྣམས་ལ་ཆོས་བཤད་པས་བཀའ་དྲིན་ཆེ་བ་ཡིན། ང་བདེན་ཚིག་གྲུབ་པའི་རྣལ་འབྱོར་པ་ཡིན་པས། རང་རེ་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་འབྱུང་བའི་སྨོན་ལམ་བཟང་པོ་ཞིག་ངས་འདེབས་པར་རིགས་གསུངས། སྨོན་ལམ་གྱི་མགུར་འདི་གསུངས་སོ།
།
ཕ་སྨོན་ལམ་མཐར་ཕྱིན་འགྲོ་བའི་མགོན། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །འདིར་ཚོགས་གསོན་ཅིག་བུ་སློབ་ཀུན། །ཁྱེད་རྣམས་བདག་ལ་བཀའ་དྲིན་ཆེ། །བདག་ཀྱང་ཁྱེད་ལ་བཀའ་དྲིན་ཆེ། །བཀའ་དྲིན་ཆེ་མཉམ་དཔོན་སློབ་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག །འདིར་བཞུགས་ཡོན་བདག་ཐམས་ཅད་ཀྱང༌། །ཚེ་རིང་བསོད་ནམས་ལྡན་པར་ཤོག །བསམ་པ་ལོག་པ་མི་སྐྱེ་ཞིང༌། །ཆོས་མཐུན་བསམ་པ་འགྲུབ་པར་ཤོག །ཡུལ་ཕྱོགས་འདིར་ཡང་བཀྲ་ཤིས་ཤིང༌། །མི་ནད་འཁྲུག་པ་མེད་པ་དང༌། །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་དང༌། །ཀུན་ཏུ་ཆོས་ལ་སྤྱོད་པར་ཤོག །བདག་གི་ཞལ་མཐོང་གསུང་ཐོས་དང༌། །རྣམ་ཐར་ཡིད་ལ་དྲན་པ་དང༌། །མཚན་ནམ་རྣམ་ཐར་ཐོས་ཚད་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག །གང་ཞིག་བདག་གི་རྣམ་ཐར་ལ། །སྤྱོད་ཅིང་སྒྲུབ་པ་བྱེད་པ་དང༌། །འདྲི་ཞིང་འཆད་ཉན་བྱེད་པ་དང༌། །ཀློག་དང་ ཕྱག་མཆོད་འབུལ་བ་དང༌། །རྣམ་ཐར་ཚུལ་བཞིན་སྐྱོང་བ་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག །མ་འོངས་གང་ཟག་ཐམས་ཅད་ལ། །གལ་ཏེ་སྒོམ་པ་ནུས་སྲིད་ན། །མི་ཁོ་བོས་དཀའ་བ་སྤྱད་སྤྱད་པས། །གེགས་དང་གོལ་ས་མེད་པར་ཤོག །ཆོས་ཕྱིར་དཀའ་ཐུབ་སྤྱོད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །དེ་ལ་འཇུག་ཅིང་བསྐུལ་བ་ལ། །བཀའ་དྲིན་དཔག་ཏུ་མེད་པ་ཡོད། །མི་ཁོ་བོའི་རྣམ་ཐར་ཐོས་པ་ལ། །བྱིན་རླབས་དཔག་ཏུ་མེད་པ་ཡོད། །དཔག་མེད་གསུམ་གྱི་བྱིན་རླབས་ཀྱིས། །ཐོས་པ་ཙམ་གྱིས་གྲོལ་གྱུར་ནས། །བསམས་པ་ཙམ་གྱིས་འགྲུབ་པར་ཤོག །བདག་གི་གནས་དང་གནས་མལ་དང༌། །དངོས་པོ་མཆིས་པ་ཐམས་ཅད་ཀྱིས། །གར་སོང་ཡུལ་དུ་བདེ་སྐྱིད་ཤོག །ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་འབྱུང་བས་གར་ཁྱབ་པ། །དེ་བཞིན་བདག་གིས་ཁྱབ་པར་ཤོག །ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང༌། །དེ་བཞིན་གཞི་བདག་འབྱུང་པོའི་ཚོགས། །གནོད་པ་སྐད་ཅིག་མི་སྐྱེལ་ཞིང༌། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །སྲོག་ཆགས་སྲིན་བུ་ལ་སོགས་པ། །གཅིག་ཀྱང་འཁོར་བར་མི་ལྟུང་ཞིང༌། །མ་ལུས་ང་ཡིས་འདྲེན་པར་ཤོག །
ཅེས་གསུངས་སོ།
།
རྒྱལ་ཁམས་བདེ་བའི་སྨོན་ལམ། ༼དཔལ་ལྡན་ས་སྐྱ།༽
།
༄༅།། ཐུབ་པའི་དབང་པོ་སློབ་དཔོན་པདྨ་འབྱུང་།། ཕྱག་ན་པདྨོ་རྗེ་བཙུན་སྒྲོལ་མ་སོགས།། སྐྱབས་གནས་རབ་འབྱམས་རྒྱ་མཚོར་གསོལ་འདེབས་ན།། མི་མངོན་དབྱིངས་ནས་ཐུགས་རྗེས་དགོངས་སུ་གསོལ།། མི་བསྲུན་བསམ་སྦྱོར་ངན་པའི་གདུག་རྩུབ་ཀྱིས།། ཚེ་བསོད་དྭངས་མའི་བསྐལ་པ་ཀུན་བཅོམ་སྟེ།། དལ་མེད་སྙིགས་ལྔའི་རྒུད་ཚོགས་རླབས་པོ་ཆེར།། སྤྱོད་པའི་འགྲོ་རྣམས་ཐུགས་རྗེས་མི་དགོངས་སམ།། རྔམས་སེམས་ཡིད་ལ་བརྣག་པ་རལ་གྲིའི་སོ།། སྐྱེ་ཤིང་གཅོད་འབྲེག་ལས་ལ་འཇུག་པའི་རྒྱུས།། ཆར་ཆུའི་འབྱུང་བ་དཀོན་པའི་རྐྱེན་ངན་ནང་།། ལྟུང་བའི་འགྲོ་རྣམས་ཐུགས་རྗེས་མྱུར་དུ་སྐྱོབས།། སྣ་མང་བགྲང་ཡས་འཕྲུལ་འཁོར་བཀོལ་བྱ་ཕྱིར།། ཚད་མེད་གཏེར་ཁ་སྔོག་པའི་ལས་སྦྱོར་གྱིས།། ལྷ་ཀླུ་གཞི་བདག་གནས་ཡུལ་དཀྲུགས་པ་ལས།། བྱུང་བའི་ཉེར་འཚེ་ཞི་བར་བྱིན་གྱིས་རློབས།། གྲངས་མེད་བཟོ་གྲྭའི་དུད་སྤྲིན་ཕུང་པོ་ཆེས།། མཁའ་རླུང་བཙོག་པར་བསྒྱུར་བའི་ཉེར་ལེན་ལས།། བསྐྱེད་པའི་ནད་ཀྱིས་འཇིག་རྟེན་ཀུན་འདར་བའི།། ཉམ་ངའི་གནས་ལས་སྐྱོབ་པར་བྱིན་གྱིས་རློབས།། ཁྱད་པར་ཡིད་ཚིམ་མེད་པའི་འདོད་སྲེད་མདས།། སྣོད་བཅུད་ཐལ་བར་རློག་པ་ལས་བྱུང་བའི།། རང་བྱུང་འབྱུང་བཞི་འཁྲུག་པའི་འཇིགས་ཚོགས་ཀུན།། གནོད་མེད་རང་སར་ཞི་བར་བྱིན་གྱིས་རློབས།། གནས་དུས་གང་སར་འཕྲུལ་ཆས་བཀོལ་ཐལ་བའི།། ཚ་བའི་དུག་གིས་སྲིད་པའི་གངས་རྒན་དག། བཞུར་ནས་རྒྱ་མཚོས་འཇིག་རྟེན་བསྐལ་པའི་མཐར།། གཏུགས་པའི་གནས་ལས་སྐྱོབ་པར་བྱིན་གྱིས་རློབས།། གཞན་ཡང་མི་བཟད་འཇིགས་རུང་ཉི་མའི་དུག། འགོག་བྱེད་རང་བྱུང་བླ་བྲེ་བརྡོལ་བ་ལས།། བྱུང་བའི་པགས་ནད་བཅོས་སུ་མེད་པ་དག། མིང་གི་ལྷག་མར་ཞི་བར་བྱིན་གྱིས་རློབས།། མདོར་ན་འདོད་ཞེན་དྲག་པོའི་གཞན་དབང་གིས།། ཐུན་མོང་ལས་ཀྱིས་བསྐྱེད་པའི་འཇིག་རྟེན་འདི།། མྱ་ངམ་ཐང་ལ་མྱུར་བར་བསྒྱུར་རྩོམ་པའི།། ལས་ངན་རང་སར་འགག་པར་བྱིན་གྱིས་རློབས།། དེ་ལྟར་སྣོད་བཅུད་ཉེས་ཚོགས་མ་ལུས་པ།། ཀུན་རྨོངས་ལས་ཉོན་དབང་གིས་བྱུང་གྱུར་ཀྱང་།། མཆོག་གསུམ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།། སྨོན་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ།།
།
ཞེས་འདིའང་སྐུ་ཞབས་ John Stanly ནས་དེང་འཛམ་གླིང་ས་ཁུལ་གང་སར་སྣོད་བཅུད་ཉམས་ཉེས་ཆེན་པོ་ཡོང་བཞིན་པར་ལྷག་བསམ་དང་བ་ཆེན་པོས་ཡང་ཡང་བསྐུལ་མ་མཛད་པ་བཞིན་ས་སྐྱ་ཁྲི་འཛིན་སྒྲོལ་མ་ཕོ་བྲང་པ་ངག་དབང་ཀུན་དགས་ཕྱི་ལོ་༢༠༠༨ལོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་སྦྱར་བ་དེ་དེ་བཞིན་འགྲུབ་པར་གྱུར་ཅིག།།
།
ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་སྨན་བླ་ཞལ་གཟིགས་མ། ༼རྒྱལ་བ་ཇོ་ནང་།༽
།
དེ་ནས་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་སོགས་མཁས་པ་བརྒྱ་ཤར་ཙམ་ལ་སྨན་བླའི་རྗེས་གནང་མཛད་པའི་ཚེ་ན། ནམ་མཁར་བདེ་གཤེགས་བརྒྱད་གསལ་བར་བྱོན་ནས་མེ་ཏོག་གི་ཆར་བབ་ནས་གསུངས་པ།
།
༄༅།། རིན་ཆེན་ས་གཞི་མཚོ་རྫིང་ཡན་ལག་བརྒྱད།། ལྗོན་ཤིང་བྱ་ཚོགས་པད་མ་བཅལ་བཀྲམ་དབུས།། སེང་ཁྲི་པད་ཟླ་འོད་གསལ་རྒྱས་པའི་སྟེང་།། བདེ་གཤེགས་བརྒྱད་པོ་འཁོར་བཅས་གཤེགས་སུ་གསོལ།། ཤར་ཕྱོགས་གཞན་གྱིས་མི་ཐུབ་ཞིང་ཁམས་ནས།། སངས་རྒྱས་མཚན་ལེགས་སྙིགས་མའི་འགྲོ་བ་ཀུན།། ནད་མང་དབང་ཉམས་ལོག་པའི་ལམ་དུ་ལྟུང་།། དབུལ་ཕོངས་གཅན་གཟན་དགྲ་འཇིགས་འདི་ལ་སྐྱོབས།། ཤར་ཕྱོགས་རིན་ཆེན་ལྡན་པའི་ཞིང་ཁམས་ནས།། རིན་ཆེན་ཟླ་བས་དུས་ངན་སེམས་ཅན་ཀུན།། གཡེང་བཅས་སྐྱེ་སྡིག་ལུས་དམན་མུན་འཐིབས་དང༌།། ཐེག་དམན་མྱ་ངན་སྐྱབས་མེད་འདི་ལ་སྐྱོབས།། ཤར་ཕྱོགས་སྤོས་ལྡན་ཞིང་ན་དེ་བཞིན་གཤེགས།། གསེར་བཟང་སྙིགས་མའི་སེམས་ཅན་ཚེ་ཐུང་ཞིང༌།། དབུལ་ཕོངས་འཐབ་རྩོད་ཉོན་མོངས་རིགས་ཅན་རྣམས།། བསམ་ངན་འཆལ་བའི་ངང་ཚུལ་འདི་རྣམས་སྐྱོབས།། ཤར་ཕྱོགས་མྱ་ངན་མེད་པའི་ཞིང་ཁམས་ནས།། སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ།། ལས་ངན་སེམས་འཁྲུགས་འདོད་བྲལ་མུན་པ་དང༌།། ཉམ་ཐག་བཀྲེས་པའི་ངང་ཚུལ་འདི་ལ་སྐྱོབས།། ཤར་ཕྱོགས་ཆོས་ཀྱི་རྒྱལ་མཚན་ཞིང་ཁམས་ནས།། བདེ་བར་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས།། ལོག་ལྟ་སྡིག་ཕྱོགས་དབུལ་ཕོངས་འཐབ་རྩོད་དང༌།། གསོད་པའི་མཚོན་ཆ་འགྱེད་པ་འདི་རྣམས་སྐྱོབས།། ཤར་ཕྱོགས་རིན་ཆེན་རྒྱ་མཚོའི་ཞིང་ཁམས་ནས།། མངོན་མཁྱེན་རྒྱལ་པོས་དུས་ངན་སེམས་ཅན་གྱི།། ཞིང་ལས་ཉོ་ཚོང་མི་དགེ་ཀུན་ལ་སྤྱོད།། བཅིངས་རྡེག་ཚེ་ཐུང་འདི་ཀུན་མྱུར་དུ་སྐྱོབས།། ཤར་ཕྱོགས་བཻ་ཌཱུར་སྣང་བའི་ཞིང་ཁམས་ནས།། སངས་རྒྱས་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས།། མུན་ནག་ལམ་ངན་ཁྲིམས་འཆལ་མདོག་ངན་དང༌།། སྐྱེ་དམན་ཚ་གྲང་སྡུག་བསྔལ་འདི་རྣམས་སྐྱོབས།། སྤོས་ལྡན་བྱ་རྒོད་ཕུང་པོའི་ཞིང་ཁམས་སུ།། བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས།། ལས་སྒྲིབ་ནད་མང་མྱ་ངན་གདུངས་པ་ཡི།། ཉམ་ཐག་འགྲོ་ཀུན་མ་ལུས་བསྐྱབ་ཏུ་གསོལ།། དམ་ཆོས་ཚུལ་འཛིན་རིགས་གསུམ་མགོན་པོ་དང༌།། བསྟན་སྐྱོང་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི།། ཕྱོགས་སྐྱོང་གནོད་སྦྱིན་བཅུ་གཉིས་བཀའ་སྡོད་བཅས།། བདག་གི་ས་ལམ་བར་ཆད་བསལ་དུ་གསོལ།། གང་ཞིག་རྒྱལ་བ་སྲས་བཅས་འདི་དག་གི། མཚན་ནས་བརྗོད་དེ་སྨོན་ལམ་བཏབ་པའི་མཐུས།། གནས་སྐབས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས།། མཐར་ཐུག་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག།
།
ཅེས་བསྟོད་པའི་ཚེ་ན་བདེ་གཤེགས་བརྒྱད་འཁོར་བཅས་མངོན་དུ་མཐོང་ནས་བུ་སློབ་ཀུན་གྱི་མོས་གུས་ལྷག་པར་སྐྱེས་སོ། །
།
ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། ༼རི་བོ་དགེ་ལྡན།༽
།
༄༅།། སྐུ་བཞིའི་བདག་ཉིད་ཀུན་མཁྱེན་ཉི་མའི་གཉེན། །ཚེ་འོད་དཔག་མེད་འཕགས་མཆོག་སྤྱན་རས་གཟིགས། །འཇམ་དབྱངས་གསང་བདག་སྒྲོལ་མ་ཁྲོ་གཉེན་ཅན། །རྒྱལ་དང་རྒྱལ་སྲས་སེམས་དཔའི་ཚོགས་རྣམས་དང་། །གཏད་རབས་ཆེ་བདུན་རྒྱན་དྲུག་མཆོག་གཉིས་པོ། །གྲུབ་ཆེན་བརྒྱད་ཅུ་གནས་བརྟན་བཅུ་དྲུག་སོགས། །བསྟན་དང་འགྲོ་ལ་གཅིག་ཏུ་ཕན་བཞེད་པ། །སྐྱེས་མཆོག་སེམས་དཔའ་མ་ལུས་དགོས་སུ་གསོལ། །ཐུབ་པ་མཆོག་གིས་གྲངས་མེད་བསྐལ་པ་རུ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། །མཁྱེན་བརྩེ་ནུས་པ་མཐར་སོན་བདེན་པའི་འཐུས།། ཡོངས་རྫོགས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །གངས་རིའི་ལྗོངས་སུ་ཐུབ་བསྟན་སྣང་བའི་སྒོ། །ཐོག་མར་འབྱེད་མཛད་མཁན་སློབ་ཆོས་རྒྱལ་གསུམ། །ལོ་པཎ་རིག་འཛིན་རྗེ་འབངས་ཐུགས་བསྐྱེད་མཐུས། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །རྒྱ་ཆེན་བཀའ་ཡི་ནོར་བུའི་ལྡིང་ཁང་དུ། །ཟབ་མོའི་སྒྲུབ་སྡེ་ཆོས་ཀྱི་གཏེར་ཆེན་པོ། །ཟབ་ཡངས་སྙིང་ཏིག་འོད་རྣོན་རབ་ཏུ་འཚེར། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །ཀ་དག་འོད་གསལ་སྙིང་པོའི་ཀློང་ཆེན་པོར། །འཁོར་འདས་ཆོས་ཀུན་འུབ་ཆུབ་ཐེག་པའི་རྩེ། །ཀུན་བཟང་གདོད་མའི་རྒྱལ་སར་བགྲོད་པའི་ཐབས། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་འགྱུར་ཅིག །ཟབ་མོའི་ལྟ་དང་རྒྱ་ཆེན་སྤྱོད་པའི་བརྒྱུད། །ཡོངས་རྫོགས་གདམས་པའི་མཛོད་མངའ་ཨ་ཏི་ཤ །རྒྱལ་བའི་འབྱུང་གནས་ལས་འོངས་གདམས་པའི་སྲོལ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །སྡེ་སྣོད་གསུམ་གྱིས་བསྡུས་པའི་རྒྱལ་བའི་བཀའ། །གདམས་པ་སྐྱེས་བུ་གསུམ་དུ་ལེགས་བསྒྲིགས་པ།། ལྷ་ཆོས་བདུན་ལྡན་བཀའ་གདམས་གསེར་གྱི་ཕྲེང་། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །སྒྲ་སྒྱུར་མར་པ་བཞད་པ་རྡོ་རྗེ་སོགས། །བྱིན་རླབས་འབྱུང་གནས་བཀའ་བརྒྱུད་ནོར་བུའི་མཛོད། །མཚུངས་མེད་རིམ་བྱོན་བཀའ་སྲོལ་རྨད་བྱུང་བ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །འཁོར་འདས་ཆོས་ཀུན་ལྷན་སྐྱེས་སེམས་ཀྱི་མདངས། ། སེམས་ཉིད་སྤྲོས་བྲལ་ཆོས་སྐུའི་ངོ་བོར་རྟོགས། །སྣང་སྲིད་འཁོར་འདས་ཀུན་ཁྱབ་ཕྱག་རྒྱ་ཆེ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །ཕྱི་ནང་རིགས་གནས་མདོ་སྔགས་གཞུང་བརྒྱའི་གནད།.།འཆད་རྩོད་རྩོམ་པས་ཐུབ་བསྟན་སྐྱོང་མཁས་པ། །ལྷ་རིགས་འཁོན་སྟོན་བརྩེ་ཆེན་ས་སྐྱ་པ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །གསུང་ངག་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི། །རྒྱུ་ལམ་འབྲས་བུའི་ཉམས་ལེན་ཆེས་ཟབ་གནད། །རྣལ་འབྱོར་དབང་ཕྱུག་ཁྱད་ཆོས་གདམས་པའི་སྲོལ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་འགྱུར་ཅིག །ཟབ་མོ་དབུ་མའི་ལྟ་དང་ཉེར་འབྲེལ་བའི། །གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ལམ། །ཟབ་གསལ་སྤེལ་མཁས་བློ་བཟང་རྒྱལ་བའི་བསྟན། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་དོན། །ཡོངས་རྫོགས་ལམ་གྱི་ངོ་བོ་གོ་རིམ་རྣམས། །མ་ནོར་ཉམས་སུ་ལེན་པའི་ལུགསབཟང་མཆོག །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི། །ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཡི། །ལུང་རྟོགས་བཀའ་བབས་བུ་ཇོ་ལུགས་ཟུང་གི །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །མདོར་ན་བཤད་པའི་ཀ་ཆེན་རྣམ་བཅུ་དང་། །སྒྲུབ་བརྒྱུད་ཤིང་རྟ་སྤྱི་དང་ཞི་བྱེད་སོགས། ། མདོ་སྔགས་ཟུང་འབྲེལ་མན་ངག་དུ་མས་ཕྱུག །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །བསྟན་འཛིན་ཞབས་བརྟན་ཐུགས་མཐུན་དགེ་འདུན་རྣམས། །བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བ་དང་། །བསྟན་ལ་དད་པའིསྐྱེ་བུས་ས་སྟེང་ཁྱབ། །རིས་མེད་རྒྱལ་བསྟན་ཡུན་རིང་འབར་འགྱུར་ཅིག །འཇིག་རྟེན་ཀུན་ཏུ་དམག་འཁྲུག་མུ་གེ་དང་། །གདུག་རྩུབ་བསམ་སྦྱོར་མིང་ཡང་མི་གྲགས་ཤིང་། །ཡིད་ཅན་བྱམས་ལྡན་སྣོད་བཅུད་དགེ་མཚན་འཕེལ། །བདེ་དགའ་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །བདག་ཀྱང་དེང་ནས་ཡོངས་རྫོགས་བསྟན་པའི་ལམ། །རྒྱ་ཆེན་སེམས་བསྐྱེད་ཟབ་མོ་ལྟ་བ་ལ། །ཐོས་བསམ་སྒོམ་པས་གཅིག་ཏུ་བརྩོན་པ་ཡིས། །འཕྲལ་ཡུན་གཏན་བདེའི་ས་ལ་མྱུར་རེག་ཤོག །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་ཕྱིར། །ཐུབ་དབང་རྒྱལ་སྲས་ཡིད་འོང་སྤྱོད་པ་ལ། །ཞུམ་དང་ངན་ཞེན་ལེ་ལོ་མེད་པ་དང་། །ཡིད་ཆེས་འདུན་པའི་སྤྲོ་དགས་འཇུག་པར་ཤོག །བདག་གི་ལུས་དང་ལོངས་སྤྱོད་དགེ་བ་རྣམས། །མ་རྣམས་བདེ་བའི་རྒྱུ་རུ་འགྱུར་བ་དང་། །དེ་དག་ཀུན་གྱི་སྡུག་ཀུན་གང་མཆིས་པ། །དེ་ཀུན་བདག་ལ་ཡོངས་སུ་སྨིན་པར་ཤོག །བདག་ནི་མཐོང་ཐོས་དྲན་དང་མོས་བྱེད་པ། །ཀུན་ཀྱང་བདེ་དགའི་དཔལ་ལ་སྤྱོད་པ་དང་། །སྨོད་དང་རྡེག་འཚོགས་མི་སྙན་སྒྲོག་བྱེད་པའང་། །ཐམས་ཅད་བྱང་ཆུབ་ལམ་གྱི་སྐལ་ལྡན་ཤོག །མདོར་ན་ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བའི་སྡུག་བསྔལ་གནས་པ་དེ་སྲིད་དུ། །བདག་ཀྱང་གནས་ཏེ་དངོས་དང་བརྒྱུད་པ་ཡིས། །ཕན་བདེའི་བྱེད་པོ་ཉིད་དུ་འགྱུར་བརཤོག །
༧ རྒྱལ་མཆོག་བཅུ་བཞི་པས་མཛད་པའོ། །
།
བསྔོ་བ་དང་སྨོན་ལམ་བཞུགས།
།
༈ འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག ། ཕན་བདེའི་འབྱུང་གནས་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས། །སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །
།
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་རྒྱུད་མཐུན་ཚོགས་དབུས་རྒྱུན་སྐབས་ལྔ་པས་
ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༤ཚེས་༢༣ཉིན་ཕྱོགས་བསྒྲིགས་ཞུས།