ཚོགས་འདུ་ཐེངས་ལྔ་པ།
ཐེངས། 1203 བཀླགས་འདུག
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ཚེས་༡༡ ནས་ཉིན་གཉིས་རིང་ལ་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་བགྲོ་གླེང་ཐེངས་ལྔ་པ་ཨ་རིའི་སེ་ཨེ་ཊེར་ས་སྐྱ་དགོན་པར་འཚོགས་ཡོད་པ་རེད།དེ་ཡང་ཕྱི་ཚེས་༡༡ ཉིན་གྱི་སྔ་དྲོ་སྐུ་མགྲོན་གཙོ་བོ་རྣམ་པ་དང་ཚོགས་བཅར་ལྷན་འཛོམས་ཐོག་སྟོན་པའི་བསྣང་བརྙན་དང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོའི་འདུན་དུ་སྣང་གསལ་མར་མེ་ཞལ་ཕྱེ་དང་མཇལ་དར་བསྒྲོན་འབུལ། དེ་བཞིན་ཤིས་བརྗོད་གསུངས་ཡོད་པ་རེད།
རིས་མེད་ཆོས་བརྒྱུད་ཚོགས་པའི་ཚོགས་གཙོ་ས་སྐྱ་མཁན་པོ་བྱམས་པས་ཚོགས་འདུ་ཐེངས་ལྔ་པ་ངོ་སྤྲོད་སྙིང་བསྡུས་དང་འབྲེལ་གཏམ་བཤད་གནང་གྲུབ་པ་དང་། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོས་ཐེངས་འདིའི་ཚོགས་འདུ་དང་འབྲེལ་གཏམ་བཤད་གནང་།
དེ་ནས་སྐུ་མགྲོན་རྣམ་པས་རིམ་བཞིན་ཚོགས་འདུའི་བརྗོད་གཞི་སྐོར་ལ་གསུང་བཤད་དང་འབྱུང་འགྱུར་བོད་བརྒྱུད་ནང་བསྟན་འདི་ཉམ་པ་སླར་གསོ་དང་མི་ཉམ་རྒྱུན་གནས་ཡོང་ཆེད་དུ་གང་དགའ་ཅི་དགོས་སྐོར་དང་། ལྷག་པར་དུ་ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཕྱིར་བཅས་ཀྱི་ཆེད་དུ་བགྲོ་གླིང་གོ་བསྡུར་ལྷུག་པོར་གནང་ཡོད་པ་རེད།
ཉིན་གཉིས་ཀྱི་ཚོགས་འདུའི་གྲོས་གཞི་དང་གྲོས་མཐུན་སྐོར་ལ་ཚོགས་གཞོནས་འཇུག་བསྡོམས་ཀྱི་གསུང་བཤད་གནང་གྲུབ་རྗེས་ཚོགས་འདུ་གྲོལ་ཡོད་པ་རེད།
ཁ་པར་བརྒྱུད་འབྲེལ་ཡོད་རིས་མེད་ཆོས་བརྒྱུད་ཚོགས་འདུ་དང་འབྲེལ་བའི་སྐོར་གནས་འདྲི་བྱས་པར། ཆོས་བརྒྱུད་རིས་མེད་ཚོགས་པ་བཙུགས་ནས་འདི་ལྟ་བུའི་ཚོགས་འདུ་འཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་༧ གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་ཆིག་སྒྲིལ་དང་མཉམ་གནས་ཡོང་ཆེད་དང་། ལྷག་པར་དུ་ཆོས་བརྒྱུད་ཕན་ཚུན་གྱི་ལྟ་གྲུབ་དང་བྱུང་རིམ་ལོ་རྒྱུས་སོགས་ཕན་ཚུན་གོ་རྟོགས་སྤེལ་རེས་བྱས་ནས་བོད་ཀྱི་ཆོས་བརྒྱུད་ཡོངས་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་ཆེད་ཀྱི་དམིགས་ཡུལ་གཙོ་བོ་ཡིན་པ་དང་། ཐེངས་འདིའི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་ཚོགས་འདུ་ཐེངས་ལྔ་བ་དེ་ཆགས་ཀྱི་ཡོད་པ་དང་། ཚོགས་ཐོག་ཏུ་༧གོང་ས་མཆོག་དང་༧ས་སྐྱ་གོང་མ་རིན་པོ་ཆེ་སོགས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་བཀའ་ཡིག་ཀྱང་གནང་།
རྒྱལ་སྤྱི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་འདིའི་ནང་བོད་ཀྱི་ཆོས་བརྒྱུད་ཡོངས་ཀྱི་མཐུས་ཚབ་མཉམ་ཞུགས་བྱེད་ཀྱི་ཡོད་ལ། ཚོགས་པ་འདིའི་ནང་བོད་སྤྱི་ནང་གཉིས་ཀྱི་ཆོས་བརྒྱུད་ཁག་གནད་ཡོད་མགྲིན་ཚབ་པ་མང་པོ་ཡོད་པ་རེད།