རིས་མེད་ཆོས་བརྒྱུད་ཀྱི་དགེ་མཚན་གླེང་བ་དང་མཛད་སྒོ་ཟབ་རྒྱས་ངང་གྲུབ།
ཐེངས། 2227 བཀླགས་འདུག
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ཀྱི་དགེ་མཚན་གླེང་བའི་བགྲོ་གླེང་དང་མཛད་སྒོ་ཟབ་རྒྱས་ངང་ལེགས་གྲུབ་བྱུང་སོང་།
དེ་ཡང་། རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་སྐབས་བཞི་པའི་རྒྱུན་ལས་ཀྱིས་ཐག་ཆོད་བྱུང་དོན་ལྟར་གྲ་སྒྲིག་ཚོགས་པ་ཟུར་འཛུགས་ཀྱིས་དུས་དབང་སོ་བཞི་པ་དང་སྟབས་བསྟུན་གོང་གསལ་མཛད་སྒོ་དང་བགྲོ་གླེང་ལེགས་གྲུབ་བྱུང་བ་མ་ཟད། རྒྱ་གར་ས༌གནས༌སུ༌ཆོས་བརྒྱུད་དྲུག་གི་འཐུས་མི་གསུམ་རེ་བདམས༌ཏེ་ཁྱོན་མི་སྣ་བཅོ་བརྒྱད་ལས༌གྲུབ༌པའི་ཡན༌ལག༌ཚོགས༌པ༌ཞིག༌གསར་དུ་བཙུགས༌ཤིང་། དེའི་ཆེད་དུ་གྲ་སྒྲིག་ཚོགས་པ་ནས་མ་རྩ་ཧིན་སྒོར་ ༡༢༢༩༧༠ དང་ཨ་སྒོར་ ༡༠༠ ཐམ་པ་བཞག་ཡོད།
རྩ་བའི་ང་ཚོའི་མཛད་རིམ་དང་ལས་འགུལ་ཁག་གསར་ལམ་དུ་སྔར་ནས་ཐོན་ཟིན་པ་ལྟར་ལགས་ཤིང་། སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡ སྤྱི་ཚེས་ ༨ ཉིན། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་མི་མང་འབུམ་ཕྲག་ལྷག་གི་དབུས་སུ་འཚམས་འདྲིའི་ཤིས་ཚིག་དང་རིས་མེད་ཀྱི་དགེ་མཚན་གསུངས་པ་ནི། ང་ཚོའི་ཚོགས་པའི་བསོད་ནམས་དང་སྟོབས་ཤུགས་བླ་མེད་ཅིག་དང་མ་འོངས་པའི་ཁ་ཕྱོགས་ལམ་སྟོན་གསལ་པོ་ཞིག་ཀྱང་ཡིན་པས་བཀའ་དྲིན་བླ་མེད་དུ་ཆེ། ང་ཚོའི་ངོས་ནས་ཀྱང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་འབུལ་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད།
སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡ སྤྱི་ཚེས་ ༩ ཉིན། མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ་དུ་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དབུ་བཞུགས་ཐོག་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་དང་སྲིད་སྐྱོང་བློ་བཟང་སེངྒེ། དེ་བཞིན་རིས་མེད་མཁས་དབང་དང་སྐྱ་སེར་བརྒྱ་ཕྲག་དུ་མ་བཅས་མཛད་སྒོ་ཧ་ཅང་གྲ་རྒྱས་ལེགས་གྲུབ་བྱུང་།
།
སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡ སྤྱི་ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་རྡོར་གདན་ཞེ་ཆེན་དགོན་དུ་ཆོས་བརྒྱུད་དྲུག་གི་མཁས་དབང་གཤམ་གསལ།
།
བོན་པོ།
༡༽ དགེ་བཤེས་སྦྱིན་པ་ཚེ་བརྟན། ༢༽ དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ།
རྙིང་མ།
༡༽སྨིན་གླིང་མཁན་ འགྱུར་མེད་རྡོ་རྗེ། ༢༽ ཞེ་ཆེན་མཁན་པོ་ཚེ་དབང་རིག་འཛིན།
བཀའ་བརྒྱུད།
༡༽སྐྱབས་རྗེ་མི་འགྱུར་རིན་པོ་ཆེ། ༢༽མཁན་པོ་འཇམ་དབྱངས་བློ་གྲོས།
ས་སྐྱ།
༡༽ མཁན་པོ་ཀུན་བཟང་། ༢༽ སློབ་དཔོན་ཉི་མ།
དགེ་ལུགས།
༡༽སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ། ༢༽དགེ་བཤེས་དབང་དྲག
ཇོ་ནང་།
༡༽མཁན་པོ་ཀུན་དགའ་མཚམས་ཆུང་། ༢༽ མཁན་པོ༌དགེ་འདུན་རྒྱ་མཚོ་བཅས་ཀྱིས་གཙོ་སྐྱོང་གནང་ཞིང་། རིས་མེད་ཀྱི་བླ་ཆེན་དང་། མཁན་པོ། མཁས་དབང་བརྒྱ་ཕྲག་དུ་མ་མཉམ་ཞུགས་ཐོག་རིས་མེད་ཀྱི་དགེ་མཚན་གླེང་བ༌ཞེས༌པའི༌བགྲོ་གླེང་ལེགས་པར་གྲུབ་སོང་།
ཉིན་འདི་དག་གི༌རིང་དབུས་རྒྱུན་ལས་དང་གྲ་སྒྲིག་ཚོགས་མི་ཚང་མས་རང་དོན་ཆེ་བཞག་ཆུང་བསྐྱུར་ཐོག་ཚོགས་འདུའི་ཆེད་སྐུ་ངལ་བསྐྱོན་པ་དང་། འབྲེལ་ཡོད་མང་པོ་ཞིག་ནས་མཐུན་འགྱུར་གནང་བའི་རྒྱུ་དང་རྐྱེན་ལས། ཐོག་མཐའ་བར་གསུམ་དགེ་ཞིང་བཀྲ་ཤིས་པ་བྱུང་བས་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ།
།
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་དྲིལ་བསྒྲགས་པ་འབྲོང་ངུར་བསྟན་འཛིན་ལམ་བཟང་གིས། སྤྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༥ ཉིན་ཕུལ།