ཚོགས་འདུ་ཐེངས་དྲུག་པ།
ཐེངས། 2660 བཀླགས་འདུག
ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༦ ནས་ ༧ བར་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་ཀྱིས་བཀོད་འོག རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པ་ཚོགས། ཚོགས་འདུ་ཉིན་དང་པོ། ཞོགས་པའི་དུས་ཚོད ༩།༣༠ ཐོག་བཅར་བ་རྣམས་ཚོགས་ཡུལ་དུ་ཕེབས་གནང་མཛད་ཅིང་། དུས་ཚོད་ ༡༠ ཐོག་སོ་སོའི་བཞུགས་གྲལ་དུ་འཁོད་དེ་སྐྱབས་སེམས་སོགས་ཞལ་འདོན་ཉུང་བསྡུས་གྲུབ་པ་དང་། རིས་མེད་ཆོས་བརྒྱུད་ཚོགས་པའི་ཚོགས་གཙོ་ཟུར་བ་བསོད་རྒན་སྤྲུལ་བའི་སྐུ་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་བསྟུན། ཐེངས་དྲུག་པའི་ཚོགས་ཆེན་གྱི་ཚོགས་གཙོར་དགེ་བཤེས་བསྟན་འཛིན་ཡང་སྟོན་མཆོག་དང་། མཁན་པོ་བེ་རི་རིག་རྡོར་ཚོགས་དྲུང་དུ་སྤྱི་མོས་ཐོག་བསྐོ་བཞག་གནང་ཞིང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཁག་ཅིག་ཀྱང་ཡུལ་དངོས་སུ་ཕེབས་ནས་གནས་ཚུལ་བཅར་འདྲི་ཞིབ་རྒྱས་སུ་བྱས།
།
ཚོགས་ཆེན་དངོས་གཞིའི་སྐབས་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཁན་རིན་པོ་ཆེ་བསམ་འགྲུབ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གྲུབ་བསྟུན། ཚོགས་མི་རེ་རེ་ནས་རང་ཉིད་ངོ་སྤྲོད་དང་འབྲེལ། རིས་མེད་ཀྱི་ཁ་ཕྱོགས་ལས་བརྩམས་པའི་གསུང་བཤད་གནང་གྲུབ་མཚམས། སླར་ཡང་ཚོགས་གཙོ་གཞོན་པ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དང་། ས་སྐྱ་གོང་མ། འབྲི་གུང་སྐྱབས་མགོན་རིན་པོ་ཆེ། དིལ་མགོན་མཁྱེན་བརྩེ་རིན་པོ་ཆེ་སོགས་རིས་མེད་བླ་ཆེན་རྣམ་པའི་གསུང་འཕྲིན་རྣམས་སྒྲོག་སྦྱང་མཛད།
ཉིན་རྒྱབ། གཡུང་དྲུང་བོན་གྱི་དགེ་བཤེས་བྱ་འཕུར་རིན་པོ་ཆེ་མཆོག་གིས་དྲ་ཐོག་ནས་ཁོང་གིས་གཙོ་འགན་བཞེས་ཏེ་བཟོ་བསྐྲུན་གྲུབ་པའི་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་དྲ་ཚིགས་ངོ་སྤྲོད་དང་འབྲེལ་དབུ་འབྱེད་མཛད་ཅིང་། ཚོགས་ཞུགས་པ་རྣམས་ཀྱིས་དྲ་ཚིགས་ཐོག རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་སྐུ་པར་བཀོད་སྟངས་སོགས་དྲ་ཚིགས་ཀྱི་ནང་དོན་ཡོངས་རྫོགས་ལ་བགྲོ་གླེང་ཞིབ་པར་གནང་མཐར། གནད་དོན་རེ་ཟུང་སྤྱི་མོས་ཐོག་གཏན་འབེབས་མཛད་དེ་བསྒྱུར་བཅོས་གང་དགོས་དགེ་བཤེས་བྱ་འཕུར་རིན་པོ་ཆེར་སྙན་གསེང་ཞུས།
།
གྲོས་ཆོད་དོན་ཚན་དང་པོ། དེ་རྗེས་གྲོས་གཞི་དོན་ཚན་གཉིས་པ་དང་གསུམ་པའི་ཐོག བགྲོ་གླེང་གང་འཚམས་གྲུབ་མཚམས། མཁན་པོ་ཆོས་ཀྱི་རྒྱ་མཚན་ལགས་ཀྱིས་དགོངས་འཆར་བཏོན་གནང་མཛད་པ་ལྟར། རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་དུས་དེབ་བོད་དབྱིན་རྒྱ་གསུམ་ཐོག་བསྒྱུར་གཏན་ཁེལ་ཞིང་། དབྱིན་བསྒྱུར་གྱི་ཐུགས་འགན་ཚོགས་གཙོ་གཞོན་པ་མཁན་པོ་བསམ་འགྲུབ་ལགས་དང་། རྒྱ་བསྒྱུར་མཁན་ཆེན་ཚུལ་རྣམ་རིན་པོ་ཆེ། དེབ་གཟུགས་ཇུས་འགོད་མཁན་ཆེན་དགའ་དབང་། འཕྲུལ་དེབ་བཟོ་འགོད་ཀྱི་ཐུགས་འགན་མཁན་པོ་བེ་རི་རིག་རྡོར་བཅས་ཀྱིས་གནང་གཏན་ཁེལ་བ་མ་ཟད། ཡིག་བསྒྱུར་འགྲོ་གྲོན་ཆེད་ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་ཞལ་འདེབས་གང་ལེགས་ཕུལ།
།
ཕྱི་དྲོའི་དུས་ཚོད་ ༧ ཐོག་རྒྱལ་སའི་བོད་རིགས་སྤྱི་མཐུན་ཚོགས་པས་དགོང་དྲོའི་བཞེས་ལག་བཀོད་སྒྲིག་གནང་ཤིང་། བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་ངག་དབང་ཡོན་ཏན་ལགས་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་འཇིགས་མེད། ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་འབྲུག་བྱམས་རྒྱལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་སོགས་ཆེད་ཕེབས་མཛད་དེ། སྐབས་བབ་ཀྱི་གསུང་བཤད་ཀྱང་གནང་བ་བཅས་ཚོགས་འདུ་ཉིན་དང་པོའི་མཛད་རིམ་ཁག་ལེགས་པར་མཇུག་བསྡུས།
།
ཚོགས་འདུ་ཉིན་གཉིས་པ། སྔར་བཞིན་ཞོགས་པའི་དུས་ཚོད་ ༡༠ ཐོག ཚོགས་འདུ་མུ་མཐུད་དུ་འཚོགས། ཐོག་མར་ཚོགས་པའི་རྒྱུན་ལས་འདེམས་ཕྱོགས་སྐོར་ལ་བཀའ་བསྡུར་གནང་།
གྲོས་ཆོད་དོན་ཚད་གཉིས་པ། དེ་སྔོན་གྱི་རྒྱུན་ལས་ ༤༢ ཟེར་བ་དེ་ཕྱིར་བསྡུ་བྱས་ཤིང་། ཆོས་བརྒྱུད་རེ་རེའི་ནང་ནས་རྒྱུན་ལས་གཉིས་རེ་འོས་འདེམས་བྱས་ཏེ། ཚོགས་མི་ ༡༢ ལ་རྒྱུན་ལས་དང་། ཚོགས་ཟུར་ལྷན་རྒྱས་ལ་སློབ་སྟོན་པ་ཞེས་པའི་མཚན་གནས་གསོལ་རྒྱུར་སྤྱི་མོས་ཀྱི་སྒོ་ནས་ཐག་གཅོད་བྱས།
གོང་གསལ་རྒྱུན་ལས་དེ་དག་ཆོས་བརྒྱུད་སོ་སོའི་འཐུས་ཚབ་ཡིན་མིན་གང་ལྟར་ཀྱང་། དེ་དག་ལ་རིས་མེད་ཆོས་བརྒྱུད་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་ལ་དབང་ཚད་ཆ་ཚང་ཡོད། གལ་ཏེ་རྒྱུན་ལས་ ༡༢ ནས་ཐག་མ་ཆོད་པའི་རིགས། སློབ་སྟོན་པ་རྣམ་པར་བཀའ་བསྡུར་གྱིས་ཐག་གཅོད་གནང་རྒྱུ་དང་། རྒྱུན་ལས་གསར་འདེམས་གནང་ཕྱོགས་ཐད། ཆོས་བརྒྱུད་སོ་སོའི་འབྲེལ་ཡོད་མི་སྣས་མི་འགྲོ་གཉིས་རེའི་མཚན་ཐོ་ཆོས་བརྒྱུད་རང་རང་གི་དྲ་བ་སྟངས་འཛིན་གནང་མཁན་དག་ལ་ཕུལ་དགོས་ཤིང་། མི་འགྲོ་ ༡༢ དེའི་ནང་ནས་ཚོགས་གཙོ་གཞོན་དང་། དྲུང་ཆེ། དངུལ་གཉེར་སོགས་ནང་ཁུལ་ནས་འོས་འདེམས་གནང་དགོས་ལ། དེ་དག་གི་མཚན་གནས་དང་ཕྱག་ལས་གནང་ཕྱོགས་སྔར་རྒྱུན་བཞིན་གནས་རྒྱུ་དང་། ཚོགས་གཙོ་གཞོན་སོགས་ལས་བྱེད་གཏན་ཁེལ་མ་བྱུང་བར་དྲ་བ་སྟངས་འཛིན་པ་རྣམ་པས་ཐུགས་འགན་གཙང་ལེན་གནང་རྒྱུ་བཅས་སྤྱི་མོས་བྱུང་། གོང་གསལ་ལྟར་ཆོས་བརྒྱུད་སོ་སོའི་འོས་མིའི་མཚན་ཐོ་ཁག ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༠ ལས་མ་འགྱང་བར་དྲ་བ་སྟངས་འཛིན་གནང་མཁན་དག་ལ་ཕུལ་ཐུབ་པ་གནང་རྒྱུ་བཅས་སྤྱི་མོས་ཐོག་ཐག་གཅོད་བྱུང་།
།
གྲོས་ཆོད་དོན་ཚན་གསུམ་པ། རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བདུན་པ། ཨ་རིའི་བྷོ་སི་ཀྲོན་དུ་ཡོད་པའི་ཀུ་རུ་ཀུ་ལེའི་ཆོས་ཚོགས་སུ་འཚོགས་རྒྱུ་དང་། ཚོགས་དུས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༥ ནས་ ༢༧ བར་སྟེ། རེས་གཟའ་ཕུར་བུ་དང་། པ་སངས། སྤེན་པ་བཅས་ལ་འཚོགས་གཏན་ཁེལ་བ་མ་ཟད། ཚོགས་པའི་ལས་དོན་ཁོ་ནའི་ཆེད་མ་ཡིན་པར་ས་གནས་སུ་བོད་རིགས་ངེས་ཅན་ཞིག་ཡོད་ན། ཚོགས་འདུའི་དུས་ཡུན་གྲངས་སྤར་བྱས་ཏེ། མང་ཚོགས་ལ་རིས་མེད་ལྟ་གྲུབ་ཀྱི་ཟབ་སྦྱོང་དང་། སྐབས་བབ་གསུང་བཤད། དྲི་བ་དྲིའི་ལན་གྱི་གོ་སྐབས་བཅས་གནང་རྒྱུ་དང་། ཚོགས་ཐོག་ཏུ་ལོ་གཅིག་རིང་གི་ལས་སྡོམ་ཁ་གསལ་ཕུལ་ཐོག ལོ་སྔོན་མའི་གྲོས་ཆོད་ལ་བསྐྱར་ཞིབ་གནང་རྒྱུ་སྤྱི་མོས་ཐོག་གཏན་འབེབ་བྱུང་ཞིང་། ཕྱི་ལོ་ ༢༠༡༨ ལོའི་ཚོགས་ཆེན་ཐེངས་བརྒྱད་པ། ཨ་རིའི་ཉི་འོག་གྲོང་ཁྱེར་དུ་ཡོད་པའི་ཟླ་སྣང་ཐེབས་རྩ་ཚོགས་པ་དང་། བླ་མ་ཚེ་དབང་རིན་པོ་ཆེས་བཀོད་བསྒྲིག་གནང་རྒྱུའི་ཐག་ཆོད་བྱུང་།
།
ཟུར་འཛར་གྲོས་ཆོད།
།
༡༽ རྒྱུན་ལས་ཀྱི་དབང་ཚད།
རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ཐད་དམ། ཡང་ན་རྒྱུན་ལས་ཀྱིདབང་ཚད་ནི། གྲོས་གཞི་གང་ཡང་རུང་བའི་ཐོག་སྤྱི་མོས་བྱུང་ན་རབ་དང་། ཡང་ན་མང་མོས་ཀྱི་ཐོག་ནས་ཐག་གཅོད་གནང་དགོས། གལ་ཏེ་སྤྱི་མོས་སམ་མང་མོས་གང་ཡང་མ་བྱུང་བ་ཡིན་ན། ཚོགས་གཙོ་གཞོན་གང་རུང་གིས་དུས་བཀག་གནང་བ་ལྟར། ངོ་ཡོད་སུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་ཐོབ་ན། དེ་ལྟར་ཐག་གཅོད་གནང་རྒྱུའི་དབང་ཚད་ཡོད་པ་ཚོགས་ཆེན་ཐེངས་དྲུག་པའི་ཐོག་སྤྱི་མོས་ཐག་གཅོད་བྱུང་།
༢༽ སྔ་མའི་གྲོས་ཆོད་སྐོར།
ཚོགས་ཐེངས་རྗེས་མའི་སྐབས། ཚོགས་གཙོས་ཚོགས་འདུའི་དབུ་འཛུགས་གསུང་བཤད་གྲུབ་བསྟུན། སྔ་ལོའི་གྲོས་ཆོད་ཁག་གི་ཡིག་ཆར་བསྐྱར་ཞིབ་གནང་ནས་ཕྱག་བསྟར་གནང་ཟིན་པའི་རིགས་ལ་ལེགས་བརྗོད་དང་། འཐུས་ཤོར་རམ་ལྷོད་གཡེང་བྱུང་རིགས་ལ་དབྱེ་ཞིབ་གནང་རྒྱུར་སྤྱི་མོས་ཐོག་ཐག་གཅོད་བྱུང་།
༣༽ རྩིས་ཁྲ།
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ལོ་གཅིག་རིང་གི་བྱུང་སོང་ལྷག་སྡད་ཁག་ཡིག་ཐོག་ནས་སྙན་གསན་ཞལ་གསལ་ཞུ་རྒྱུ་ཡང་སྤྱི་མོས་ཐོག་ཐག་གཅོད་བྱུང་།
༤༽ སྤྱི་ཚོགས་ཞབས་ཞུ།
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ངོས་ནས། འབྲེལ་ཡོད་སྤྱི་ཚོགས་ཁག་ཏུ་དངས་བླངས་ཀྱིས་ཐོག་ནས་ནང་ཆོས་ཀྱི་སློབ་གསོ་དང་། བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་འཆད་ཁྲིད། རིས་མེད་ལྟ་གྲུབ་ཀྱི་ཁ་ཕྱོགས་གསལ་སྟོན། ལྷག་པར་དུ་འབྱུང་བཞིའི་གནོད་འཚེ་སོགས་མདོར་ན་རང་བྱུང་ཁམས་ཀྱི་རྐྱེན་ངན་བྱུང་ཡུལ་ཁག་ལ་དེ་འབྲེལ་གྱི་ཞལ་འདེབས་དང་། ཐུགས་སྨོན་གནང་རྒྱུར་སྤྱི་མོས་བྱུང་།
༥༽ ཐུགས་རྗེ་ལེགས་འབུལ།
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པའི་སྦྱོར་དངོས་མཇུག་གསུམ་གྱི་གྲ་སྒྲིག་ཆ་ཚང་། འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་དང་། གཙོ་བོ་ཚོགས་གཙོ་གཞོན་པ་མཁན་པོ་བསམ་འགྲུབ་ལགས་ཀྱིས་བཀོད་བསྒྲིགས་ཡོངས་སུ་རྫོགས་པ་གནང་བར་ཐུགས་རྗེ་ལེགས་འབུལ་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ལས་ཤོག་ཐོག་གནང་རྒྱུའི་གྲོས་ཆོད་བྱུང་ཞིང་། མ་འོངས་པར་ཡང་ཚོགས་འདུ་བཀོད་སྒྲིག་གནང་མཁན་རྣམ་པ་དང་། དེ་བཞིན་བཞེས་ལག་གམ་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྡེ་འམ། ཡང་ན་གང་ཟག་སྒེར་བ་བཅས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གྲོས་ཆོད་བྱུང་།
/
ཚོགས་བཅར་བ།
གཡུང་དྲུང་བོན།
དགེ་བཤེས་བསྟན་འཛིན་ཡང་སྟོན།
དགེ་བཤེས་འདན་མ་རྒྱལ་མཚན།
སྔ་འགྱུར་རྙིང་མ།
བསོད་རྒན་རིན་པོ་ཆེ།
མཁན་རིན་པོ་ཆེ་དགའ་དབང་།
ཨ་རྡོ་རིན་པོ་ཆེ།
མགྲོ་མགོན་བཀའ་བརྒྱུད།
འབྲི་གུང་མཁན་ཆེན་དཀོན་མཆོག་རྒྱལ་མཚན་རིན་པོ་ཆེ།
མཁན་ཆེན་ཚུལ་རྣམ་རིན་པོ་ཆེ།
མཁན་པོ་བསམ་འགྲུབ།
དཔལ་ལྡན་ས་སྐྱ་པ།
མཁན་པོ་ཆོས་ཀྱི་རྒྱལ་མཚན།
རྒྱལ་བ་ཇོ་ནང་བ།
མཁན་པོ་རིག་པའི་རྡོ་རྗེ།
རི་བོ་དགེ་ལུགས་པ།
ཐེ་པོ་སྤྲུལ་སྐུ།
དགེ་བཤེས་ངག་དབང་འཕྲིན་ལས།
དགེ་བཤེས་ངག་དབང་སེང་གེ་ལགས་བཅས་ཀྱིས་གོང་གསལ་གྲོས་ཆོད་ཁག་ལེགས་པར་གཏན་ལ་ཕབ་པོ།། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༨ ཉིན།
།
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཟིགས་ན་གཤམ་གྱི་པར་ངོས་སུ་ནོན།
།