ཚོགས་པའི་དམིགས་ཡུལ་དང་ཚོགས་ཐེངས་རིམ་པ་ངོ་སྤྲོད།
ཐེངས། 1989 བཀླགས་འདུག
ཆོས་ཚོགས་འདི་ཉིད་ཐོག་མར་ཕྱི་ལོ་ ༢༠༡༠ ལོར། ཨ་རིའི་བྱང་རྒྱུད་ཀ་ལི་ཕོར་ནི་ཡའི་མངའ་ཁོངས། སན་ཧྥུ་རན་སེས་སི་ཀོ་ San Francisco ཁུལ་དུ་བཅའ་བཞུགས་སྔ་འགྱུར་རྙིང་མའི་བླ་སྤྲུལ་མཁན་པོ་སོགས་ཉུང་ཤས་ཤིག་གིས་མ་བསྐུལ་དང་བླང་གིས་དབུ་འཛུགས་གནང་ཞིང་། ཕྱི་ལོ་༢༠༡༡ ལོར།
ཨ་གནམ་ཐུབ་བསྟན་རིན་པོ་ཆེའི་ཆོས་ཚོགས་སུ། ཚོགས་འདུ་ཐེངས་དང་པོ་ཉིན་གཉིས་རིང་འཚོགས་སྐབས་སུ། འབྱུང་འགྱུར་དེ་ལྟ་བུའི་ཚོགས་འདུ་མུ་མཐུད་འཚོགས་རྒྱུའི་གྲོས་མཐུན་བྱུང་སྟེ། གནས་སྐབས་རིང་ཚོགས་གཞོན་སོགས་རྒྱུན་ལས་ཚོགས་ཆུང་བདམས་ཏེ་ལས་གཞི་བརྩམས། དེ་ཡང་ཨ་རིའི་ནང་དུ་ཡོད་པའི་ཆོས་བརྒྱུད་ཚང་མའི་ཁོངས་ནས་ཚོགས་ཞུགས་མི་སྣ་ཕེབས་ཐུབ་ན་དགེ་མཚན་ཆེ་བར་གཟིགས་ཏེ་ལོ་གཅིག་རིང་འབད་རྩོལ་དང་འབྲེལ་ལམ་གནང་བ་ལྟར། ༢༠༡༢ ལོར་ཚོགས་ཐེངས་གཉིས་པ། ཀ་ལི་ཕོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་ཁང་། སྡེ་བཞི་ཕུན་ཚོགས་གླིང་དུ་བསྐོང་འཚོགས་གནང་སྐབས་སུ། བོད་ཀྱི་ཆོས་བརྒྱུད་མང་ཆེ་བའི་ངོས་ནས་ཚོགས་ཞུགས་གནད་ཡོད་མི་སྣ་མང་པོ་ཕེབས་ཐུབ་པ་བྱུང་སྟེ། ཉིན་གཉིང་རིང་ཕན་ཚུན་ཐུགས་བརྩེ་གཅིག་མཐུན་གྱིས་བགྲོ་གླེང་ལྷུག་པོར་གནང་བ་དང་། སྐབས་དེར་དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་རྒྱུན་ལས་ནི། ཚོགས་གཙོ། དགེ་བཤེས་བསྟན་འཛིན་དབང་རྒྱལ།༼གཡུང་དྲུང་བོན།༽ ཚོགས་གཞོན། མཁན་པོ་བྱམས་པ།༼དཔལ་ལྡན་ས་སྐྱ།༽ དྲུང་ཡིག སྤྲུལ་སྐུ་ཡེ་ཤེས། ༼སྔ་འགྱུར་རྙིང་མ།༽ དངུལ་གཉེར། སྒྲུབ་དཔོན་མགོན་པོ་རྡོ་རྗེ། ༼འགྲོ་མགོན་བཀའ་བརྒྱུད།༽ རྒྱུན་ལས། མཁན་པོ་རིག་པའི་རྡོ་རྗེ་དང་། ༼རྒྱལ་བ་ཇོ་ནང་བ།༽ མཚན་སྒྲོགས་སྤྲུལ་སྐུ་ ༼རི་བོ་དགེ་ལུགས་པ།༽ བཅས་ཡིན་ཞིང་། ཁོང་རྣམ་པས་དབུ་ཁྲིད་པའི་འོག་ཕྱོགས་གང་སར་རིས་མེད་ཀྱི་གོ་རྟོགས་སྤེལ་བ་སོགས་ཡར་རྒྱས་དང་གྲུབ་འབྲས་ཤིན་ཏུ་ཆེན་པོ་བྱུང་བ་བཅས། རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་ཡིན་ནོ། །
།
༢༠༡༣ ཚོགས་ཐེངས་གསུམ་པ། སླར་ཡང་ཚོགས་ཁང་དེར་རྒྱས་འཛོམས་བྱུང་སྐབས་སུ། ལྷག་བསམ་མཆོག་ཏུ་ཡངས་པའི་བླ་མ་དགེ་བའི་བཤེས་གཉེན་སྔར་ལས་མང་བ་ཚོགས་ཕེབས་གནང་། བཀའ་བསྡུར་ལྷུག་པོར་གནང་ཏེ་ཆོས་ཚོགས་ཕན་ཚུན་རོགས་ཕན་བར་མཐུན་ལམ་དམ་ཟབ་ཡོང་ཐབས་སོགས་ཀྱི་གྲོས་མཐུན་ཡིག་ཆ་བཞག་ཅིང་། མང་མོས་ལྟར། ཚོགས་པའི་མཚན་ཡང་༼རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་)ཞེས་པར་གཏན་འབེབས་གནང་། བརྡ་འཕྲིན་གྱི་དུས་རབས་དང་བསྟུན་ཏེ། རིས་མེད་སྐད་འཕྲིན་ཚོགས་པ་གསར་འཛུགས་གནང་བ་སོགས་ཀྱི་ལམ་ནས་ཕྱག་ལས་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་།
།།
༢༠༡༤ ཚོགས་ཐེངས་བཞི་པ། གོང་གི་ས་གནས་བོད་རིགས་ཚོགས་ཁང་དུ་ཚོགས་སྐབས་སུ། རིས་མེད་ཆོས་བརྒྱུད་ཁག་གི་ཁོངས་ནས་བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་ཕེབས་ཏེ། རིས་མེད་ཆོས་བརྒྱུད་ཁག་གི་དབར་ཐུགས་མཐུན་དམ་གཙང་སྔར་ལྷག་ཡོང་ཐབས་དང་། ནུབ་གླིང་ཡུལ་གྲུ་སོགས་སུ་ཆོས་ཁྲིད་བྱེད་སྟངས་སྐོར་སོགས་ལ་ཉམས་མྱོང་བརྗེ་རེས་ཀྱིས་མཚོན་པའི་དོན་ཚན་ཁག་མང་པོར་བགྲོ་གླེང་ལྷུག་པོར་གནང་། སྐབས་དེར་དབུས་རྒྱུན་ལས་གསར་པ་ཞལ་གྲངས་བཅུ་གཉིས་བདམས་ཐོན་བྱུང་བ་རྣམས་ནི། ཚོགས་གཙོ། མཁན་པོ་བྱམས་པ་རིན་པོ་ཆེ། ༼དཔལ་ལྡན་ས་སྐྱ།༽ ཚོགས་གཞོན། མཁན་པོ་བསམ་གྲུབ་དང་། ༼འགྲོ་མགོན་བཀའ་བརྒྱུད།༽ རྒྱུན་ལས་ནི། དྲུང་ཡིག མཁན་པོ་རིག་པའི་རྡོ་རྗེ་དང་། བླ་མ་ཀརྨ། ༼ཇོ་ནང་དང་། བཀའ་བརྒྱུད།༽ དངུལ་གཉེར། དགེ་བཤེས་ཡ་མ་རིན་ཆེན་དང་། མཁན་པོ་ཆོས་ཀྱི་རྒྱལ་མཚན། ༼དགེ་ལུགས་དང་། ས་སྐྱ།༽ དྲ་རྒྱའི་ལས་གཉེར་བ། དོལ་པོ་སྤྲུལ་སྐུ་དང་། བྱ་འཕུར་དགེ་བཤེས། ༼རྙིང་མ་དང་། བོན་པོ།༽ དཔལ་འབྱོར་འདུ་འགོད་པ། དགེ་བཤེས་གཡུང་དྲུང་དང་། བླ་མ་ལེགས་བཤད་བཟང་པོ། ༼བོན་པོ་དང་། རྙིང་མ།༽ གསར་འགྱུར་དྲིལ་སྒྲོག་པ། སྤྲུལ་སྐུ་ཆོས་ཉིད་རང་ཤར་དང་། ཐེ་བོ་སྤྲུལ་སྐུ། ༼ཇོ་ནང་དང་། དགེ་ལུགས།༽ བཅས་ཡིན་ལ། གཞན་ཡང་རིས་མེད་སྐད་འཕྲིན་ཚོགས་པར། དབུས་རྒྱུན་ལས་ཀྱིས་སྟངས་འཛིན་འོག་ཏུ་ཆོས་བརྒྱུད་རེ་ནས་ཚོགས་མི་བདུན་རེ་བཅས་ཚོགས་མི་གཙོ་བོ་བཞི་བཅུ་ཞེ་གཉིས་བདམས་པ་བཅས་ཀྱིས་དབུ་ཁྲིད་དེ། བོད་ནང་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་གནད་ཡོད་ཚོགས་མི་གྲངས་བརྒྱ་ཕྲག་བརྒལ་བས་དུས་དུས་སུ་བགྲོ་གླེང་གནང་བ་སོགས་ཚོགས་པ་ཡར་རྒྱས་དང་གྲུབ་འབྲས་གང་ལེགས་བྱུང་བ་མ་ཟད། ཚོགས་པ་ཚད་ལྡན་གྱི་ངོ་བོར་འགྱུར་ཐབས་སུ་ཨ་རིའི་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་གནང་།
།
༢༠༡༥ ཚོགས་ཐེངས་ལྔ་པ། ཨ་རིའི་མངའ་སྡེ་སས་ཨེ་ཏྲེལ་ Seattll དུ་ཆགས་པའི། ས་སྐྱའི་ཆོས་ཚོགས་སུ་བསྐོང་འཚོགས་གནང་སྟེ། སྔར་བཞིན་གྲོས་གཞི་གྲོས་ཆོད་བཞག དེ་སྔོན་ཨ་རིའི་གཞུང་ལ་སྙན་ཞུ་ཕུལ་བ་ལྟར། རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་འདི་བཞིན་ཨ་རིའི་གཞུང་གིས་ངོས་ལེན་ཡོད་པའི་ཆོས་ཚོགས་ཚད་ལྡན་དུ་གྱུར་ཏེ། ཚོགས་པའི་ངོས་ནས་དངུལ་ཁང་སྒོ་ཕྱེས་པ་དང་། རིས་མེད་ཀྱི་ཕྱག་དེབ་དཔར་བསྐྲུན་དང་། དེ་བཞིན་དུ་དྲ་རྒྱ་དང་། ངོ་དེབ་བཟོ་རྒྱུ་སོགས་ཀྱི་ལས་འཆར་མང་དག་ཅིག་གཏན་འབེབས་གནང་།
།
༢༠༡༦ འདི་ལོ་ཚོགས་ཆེན་ཐེངས་དྲུག་པ། ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་གྱི་ཉེ་འདབས། འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་སུ་འཚོགས་གཏན་འཁེལ་ཡོད་པས། སྐབས་དེར་རིས་སུ་མ་ཆད་པའི་སྐྱེས་ཆེན་མང་པོ་དང་གནད་ཡོད་ཀྱི་ཚོགས་མི་གང་མང་ཕེབས་ཐུབ་པ་དང་། འཕྲལ་ཡུན་ལས་འཆར་ཕྱོགས་ལ་བཀའ་བསྡུར་ལྷུག་པོ་གནང་བའི་རེ་བ་ཡོད་པ་དང་། རིང་མིན་རྒྱུན་ལས་གསར་འདེམས་གནང་འཆར་ཡོད་པ་བཅས་ཀྱི་ངོས་ནས་ཀྱང་། སྔར་གྱི་ལས་གཞུག་འཕྲོ་སྐྱོང་གནང་བའི་སྒོ་ནས་དུས་བསྟུན་གསར་གཏོད་དང་ཡར་རྒྱས་གོང་མཐོའི་ཕྱོགས་སུ་བསྐྱོད་དེ་ཕྱག་ལས་གྲུབ་འབྲས་ལྡན་པ་གནང་སྐྱོང་ཡོང་བའི་ཡིད་ཆེས་ཡོད་པ་བཅས་རིས་མེད་ཆོས་ཚོགས་ཀྱི་ལོ་རྒྱུས་ངོ་སྤྲོད་མདོ་ཙམ་ལགས།
།
རང་རེ་གངས་ལྗོངས་ཆོས་ལྡན་གྱི་རྒྱལ་ཁབ་ཆེན་པོ་འདིའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། འཇིག་རྟེན་སྤྱི་འགྲོ་ལྟར་སྐབས་རེར་དགའ་འོས་པ་དང་རེས་འགར་ངུ་ཤོར་བའི་འགྱུར་འགྲོས་དང་དར་རྒུད་སྣ་ཚོགས་ཤིག་བྱུང་མྱོང་ཡོད་ལ། ལྷག་པར་དུས་རབས་ཉི་ཤུའི་ནང་སྟེ་ཕྱི་ལོ་ ༡༩༥༠ ནང་དུ་གནམ་ས་སྟེང་འོག་བསྒྱུར་བ་ལྟ་བུའི་དུས་འགྱུར་བློ་ཡུལ་ལས་འདས་པ་ཞིག་བྱུང་སྟེ། འཛམ་གླིང་ཕན་བདེའི་འབྱུང་གནས་ནང་བསྟན་རིན་པོ་ཆེ་དར་བའི་ཡུལ་ལྗོངས། ཆོས་ལྡན་བོད་ཀྱི་རྒྱལ་ཁབ་ཀྱི་མི་རིགས་རིག་གཞུང་བཅས་པ་རྩ་བརླག་ཏུ་འགྲོ་བར་ཉེ་སྐབས་སུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་དང་རླབས་ཆེན་དགོས་པ་སྣ་ཚོགས་ཕྲག་ཏུ་བཞེས་ཏེ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བའི་ཞབས་རྗེས་སུ། བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་སོགས་བོད་མི་འབུམ་ཕྲག་བརྒལ་བ་རྒྱ་གར་འཕགས་པའི་ཡུལ་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར་འཁྱམས་དགོས་བྱུང་བ་ནས་བཟུང་། བོད་ཀྱི་བདེན་མཐའ་གསལ་ཐབས་དང་། བོད་མའི་ཆོས་རིག་དང་སྐད་ཡིག་སོགས་མི་རིགས་ཀྱི་ཐུན་མིན་གྱི་ངོ་བོ་སྲུང་སྐྱོབས་བྱེད་ཆེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་ཚོགས་སྡེ་ཆེ་ཆུང་མང་པོ་རིམ་བཞིན་གསར་འཛུགས་བྱས་པ་དང་། དེ་མཚུངས་འཛམ་གླིང་ཡུལ་གྲུ་གང་སར་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་གྲངས་ལས་འདས་པ་ཤིག་ཡོད་པ་དག་གི་ངོས་ནས་སྤྱི་དགོས་ལ་སྨན་པའི་མཛད་བཟང་རླབས་ཆེན་བསྐྱངས་དང་སྐྱོང་མུས་སུ་ཡོད་པ་དེ་ལྟར་ཡང་། གཙོ་བོ་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཡང་ཡང་གནང་བ་བཞིན། རང་རེ་བོད་མི་མཆིས་སོ་ཅོག་གིས་ནུས་ཤུགས་གཟོང་ཁ་གཅིག་སྒྲིལ་དང་དམ་ཚིག་འོ་ཆུ་གཅིག་འདྲེས་བྱེད་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་པར་སྨོས་མ་དགོས་པ་དང་། ཁྱད་པར་དུ་བླ་སྤྲུལ་མཁན་སློབ་དགེ་བཤེས་སོགས་རང་རེ་ཆོས་ཀྱི་དབུ་ཁྲིད་མཁན་རྣམས་ལ་གང་ཅིའི་ཐད་ནས་སྐྱེ་བོ་གཞན་ལས་ནུས་པ་ཆེ་བ་ཡོད་པས། རང་རང་གི་ཆོས་བརྒྱུད་འཛིན་སྐྱོང་བྱེད་པ་དང་ཆབས་གཅིག བསྟན་པ་སྤྱི་དང་གངས་ལྗོངས་སྤྱིའི་དོན་དུ་ཀུན་གྱི་ནུས་པ་མཉམ་སྤུངས་གནང་ན་ཕན་རླབས་ཆེ་བ་འབྱུང་བར་གདོན་མི་ཟ། ཡང་དགོས་སུ་སྔར་རྒྱལ་བའི་དམ་ཆོས་དར་མ་མྱོང་བའི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཆོས་ཚོགས་ཡོད་མཁན་དང་། ནང་ཆོས་འཆད་སྤེལ་གནང་མཁན་རྣམས་ནི་བོད་བརྒྱུད་ནང་བསྟན་གྱི་སྲོལ་གཏོད་མཁན་ཡིན་སྟབས། ཆོས་བརྒྱུད་གྲུབ་མཐའི་ཕྱོགས་ལྷུང་དང་མ་འདྲེས་པའི་མཛད་རྗེས་ལེགས་པོ་ཞིག་འཇོག་རྒྱུ་དང་། ནང་པའི་རྗེས་འཇུག་གསར་བུ་རྣམས་ཁ་ཕྱོགས་མ་ནོར་བའི་ལམ་དུ་འཁྲིད་རྒྱུ་ནི་ཆེས་གལ་འགངས་ཆེན་པོ་ཡིན་པ་མཁྱེན་གསལ་རེད། དེང་སྐབས་རང་རེ་བོད་རིགས་སུ་འདྲ་ཞིག་ཡིན་རུང་སྡུག་ས་ནས་བཤད་ན། འུ་ཅག་རྣམས་ཕ་ཡུལ་མེད་པའི་སྐྱབས་བཅོལ་བ་ཤ་སྟག་ཡིན་པས། རང་རང་གི་ཆོས་བརྒྱུད་དམ། ཆོས་ཚོགས་ཁོ་ན་འཛིན་སྐྱོང་བྱེད་པ་ཙམ་ལ་དབུ་མི་འཁོར་བར་བོད་སྤྱི་བའི་ལས་དོན་གཉན་འཕྲན་ཅན་འདི་ལ་ཐུགས་བསམ་བཞེས་ཏེ། བོད་རིགས་སྤུན་ཟླའི་མཛའ་བརྩེ་གོང་འཕེལ་གཏོང་རྒྱུ་དང་། སྐྱིད་སྡུག་མཉམ་མྱོང་། ནང་གཏམ་ཤོད་རེས། ཉམས་མྱོང་བརྗེ་རེས། སློབ་གསོ་གཏོང་རེས། ནུས་ཤུགས་མཉམ་རུབ་བྱེད་དགོས་པ་ལས། ཆོས་བརྒྱུད་གྲུབ་མཐའི་འཐེན་འཁྱེར་རམ། ཆོལ་ཁ་ལུང་ཚན་གྱི་ཆགས་སྡང་གསོག་པའམ། ང་ཆེ་ཁོ་གཉན་སོགས་ཀྱི་ཀུན་སློང་འཆང་སྟེ་བོད་རིགས་ནང་ཁུལ་དུ་ངན་བཤད་བརྗོད་རེས་དང་། འབྲེལ་མེད་ཆེ་ཚུགས་བཟུང་སྟེ་རང་འགོ་གང་ཐོན་བྱེད་ཀྱིན་སྡོད་པའི་གནས་སྟངས་ཤིག་ལྷག་མེད་ལ། དེ་ལྟར་བྱས་ན་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་མཆོག་དང་བསྟན་འཛིན་སྐྱེས་ཆེན་རྣམས་ཐུགས་ཕམ་པ་དང་། འཇིག་རྟེན་མི་ལུགས་ནས་ཀྱང་ཆེས་ཐབས་སྡུག་གིས་བྱེད་སྟངས་ཤིག་ལས་མ་འདས། དེས་ན་ཆེ་ས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་རང་རེའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ། དུས་དུས་སུ་བཞུགས་སྒར་རྡ་རམ་ས་ལ་སོགས་སུ་ཞལ་འཛོམས་ཀྱིས་ཐུགས་ནང་འོ་ཆུ་གཅིག་འདྲེས་ཀྱི་སྒོ་ནས་བསྟན་འགྲོ་སྤྱིའི་བདེ་ཐབས་སུ་བཀའ་བསྡུར་གནང་བཞིན་པའི་དགོངས་དོན་ལྟར། རང་དབང་དང་དམངས་གཙོས་ཕྱུག་པའི་སྟོབས་ལྡན་ཨ་རིའི་རྒྱལ་ཁབ་ནང་དུ་འཚོ་བཞུགས་གནང་མཁན་རྣམ་པའི་ངོས་ནས་ཀྱང། ཁོང་རྣམ་པའི་དགོངས་བཞེད་ལ་འཕྱར་བ་གྲུ་འདེགས་ལྟ་བུའི་ལས་འགུལ་ཞིག་སྤེལ་ཐུབ་ན། མང་པོས་བཀྱགས་ན་གདུང་མ་ཟེར་བའི་དཔེ་ལྟར། གང་ཅིའི་ཐད་ནས་ནུས་པ་དང་གྲུབ་འབྲས་བཟང་པོ་ཞིག་འབྱུང་ངེས་པས། དེ་ལྟར་བྱུང་ན་ཅི་མ་རུང་སྙམ་སྟེ་ཚོགས་པ་འདི་གསར་འཛུགས་གནང་བ་ཞིག་ཡིན།
།
ཚོགས་པ་འདི་བཙུགས་ནས་ད་བར། སྔ་རྗེས་སུ་རྒྱུན་ལས་ཐེངས་གསུམ་བརྗེ་ལེན་གནང་བའི་དུས་ཡུན་ལོ་འཁོར་དྲུག་ལྷག་གི་རིང་ལ། ཚོགས་པ་འདིར་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཐུགས་སྨོན་མཐུན་འགྱུར་དང་སྦྲགས་ལམ་སྟོན་བཀའ་ཡིག་སྩལ་གནང་བ་དང་། རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་ཞེས་ཨ་རིའི་གཞུང་གིས་ངོས་ལེན་ཡོད་པའི་ཚོགས་པ་མཚན་ལྡན་དུ་གྱུར་པ་དང་། རིས་མེད་ཆོས་བརྒྱུད་ཚོགས་ཁང་ཆེན་མོ་ཞེས་པའི་དྲ་ལམ་བརྒྱུད་ནས་གོང་གསལ་དགོས་དམིགས་དང་མཐུན་པའི་སྐོར་ལ་བགྲོ་གླེང་གང་མང་གནང་འབྲས་སུ་ཚོགས་མི་ཡོངས་དང་། དེ་འབྲེལ་སྤྱི་ཚོགས་ཁྱོན་ལ་རིས་མེད་ཀྱི་གོ་རྟོགས་སྤེལ་ཐུབ་པ་སོགས་གང་ཅིའི་གྲུབ་འབྲས་བཟང་པོ་བྱུང་ཡོད་ལ། འབྱུང་འགྱུར་གྱི་ཆར་ཡང་ཚོགས་པ་འདི་སྔར་ལྷག་པའི་ཡར་རྒྱས་གོང་འཕེལ་ཡོང་བ་བརྒྱུད་ནས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་འཆམ་མཐུན་སོགས་ཀྱི་ཕྱོགས་ལ་ཞབས་འདེགས་དང་མཛད་རྗེས་བཟང་པོ་ཞིག་འཇོག་ཐུབ་པའི་རེ་བ་དང་། ལྷག་པར་དུ་རང་ཅག་ཁ་བ་རི་པ་རྣམས་ཀྱི་ཕྲག་ཏུ་བབ་པའི་ལས་འགན། གངས་ལྗོངས་ཆོས་རིག་དང་སྐད་ཡིག་སོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཐབས་དང་། རིས་མེད་ཆོས་བརྒྱུད་ཕན་ཚུན་བར་དམ་ཚིག་གཙང་ཞིང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་དང་། དེའི་མཐུས་སྟོན་པའི་བསྟན་པ་ཉི་མ་བཞིན་དུ་ཤར་ཞིང་། བསྟན་འཛིན་སྐྱེས་བུ་ཕུ་ནུ་བཞིན་དུ་མཐུན་པ་དང་གསང་གསུམ་འཕྲིན་ལས་གྱི་ནུས་སྟོབས་གཅིག་ཏུ་བསྒྲིལ་བ་ལ་བརྟེན་ནས། བོད་གཞིས་བྱེས་ལྷན་འཛོམས་ཀྱི་སྐལ་བཟང་མྱུར་དུ་འཆར་བ་དང་། ཡངས་པའི་རྒྱལ་ཁམས་ཀུན་ཏུ་འཚེ་མེད་ཞི་བ་དང་བདེ་སྐྱིད་རྫོགས་ལྡན་གྱི་སྒོ་འཕར་ཡངས་པོར་འབྱེད་པའི་མཐུན་རྐྱེན་དུ་འགྱུར་བའི་སྨོན་འདུན་སྙིང་ནས་ཞུའོ།།
།
རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་ཀྱི་དྲ་རྒྱའི་ལས་གཉེར་བ་མཁྱེན་ཡངས་དགེ་བཤེས་བྱ་འཕུར་མཆོག་གིས་ཚོགས་པའི་ཐོག་མའི་དམིགས་ཡུལ་ཇི་ལྟར་ཡིན་ཚུལ་འབྲི་དགོས་ཞེས་བཀའ་བསྩལ་ཕེབས་པ་ལྟར་གུས་བསོད་རྒན་སྤྲུལ་མིང་པདྨ་བློ་གྲོས་པས། ༢༠༡༦ ཟླ་ ༥ ཚེས་ ༣༠ རྡ་རམ་ས་ལ་ནས་བྲིས་པའོ། །
།