རིས་མེད་བགྲོ་གླེང་ཐེངས་གསུམ་པར་ཕུལ་བའི་ཤིས་ཚིག
ཐེངས། 13096 བཀླགས་འདུག
བསིལ་ལྡན་ཞིང་དུ་དགེ་ལེགས་འབྱུང་བའི་སྒོ།།
གཤེན་ཐུབ་བསྟན་པའི་ཉི་མ་འདྲེན་མཛད་པའི།།
སྔོན་བྱོན་སློབ་དཔོན་དམ་པའི་ཕྲེང་བ་ལ།།
སྒོ་གསུམ་རབ་གུས་བསྟོད་ཚིག་མེ་ཏོག་འཐོར།།
བོན་རྙིང་ས་བཀའ་དགེ་ཇོ་གྲུབ་མཐའ་དྲུག །
ནུབ་གླིང་མུན་པའི་གླིང་དུ་ཁྱབ་སྤེལ་མཁན།།
མཁས་བཙུན་གྲུབ་པའི་བདག་ཉིད་ཁྱེད་རྣམས་ཀྱི།།
ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྲུབ་ཤོག །
འགྲོ་བློར་གང་འཚམ་ཞི་བསིལ་ཆོས་ཀྱི་སྒྲ།།
འཇུག་སྒོ་དུ་མས་དུས་ཀུན་འདོམ་མཛད་པའི།།
དགེ་བའི་བཤེས་གཉེན་ཁྱེད་ཅག་ལྷན་ཅིག་ཏུ།།
དོན་ལྡན་བགྲོ་གླེང་མཛད་པར་གློ་བ་དགའ།།
ཕྱི་རུ་ཟང་ཟིང་གློག་རྫས་འབེལ་ན་ཡང་།།
ནང་དུ་ཞི་བདེས་དབེན་པའི་ནུབ་ཕྱོགས་འགྲོར།།
གཤེན་ཐུབ་བསྟན་པའི་བདུད་རྩིའི་བགོ་སྐལ་ཆེ།།
ཇི་ལྟར་འགྱེད་པའི་བགྲོ་གླེང་ངོ་མཚར་གནས།།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་རིག་གི །
ཕ་ནོར་ཕྱི་རབས་གཞོན་ནུའི་འདོད་བློ་དང་།།
འཚམ་པའི་སློབ་ཁྲིད་འཛིན་སྐྱོང་སྤེལ་བའི་ཐབས།།
གཅིག་ལས་གཅིག་ལྷག་སྟོན་པའི་རེ་བ་ལྕི།།
རྒྱལ་ཀུན་གསུང་གི་བྱིན་ཆགས་དབྱངས་གསལ་གྱིས།།
ཐ་དད་ཡིག་རིགས་འཁྱུད་པའི་སྐད་སྒྱུར་གྱི།།
མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་བའི་ལམ།།
ཤེས་ལྡན་ཡི་ག་འབྱེད་པའི་བགྲོ་གླེང་འཚལ།།
མདོར་ན་བསིལ་ལྡན་ཁ་བའི་ཆོས་རིག་གི །
མར་མེ་གཅིག་ལས་གཉིས་སུ་མཆེད་པའི་དུས།།
རང་གཞན་འདི་ཕྱིའི་བདེ་སྐྱིད་སྤེལ་བའི་ཕྱིར།།
ཤེས་རབ་མཚོན་རྣོན་སོ་ཁ་བརྡར་བར་ཞུ།།
དེ་སྐད་ཐེངས་འདིའི་ཚོགས་པའི་དགོངས་དོན་བཞིན།།
འགྲུབ་པའི་སྨོན་ལམ་རབ་དཀར་ལྷ་རེག་བཅས།།
བྱང་ཕྱོགས་ཨ་ལ་སི་ཀའི་དབེན་ཁྲོད་ནས།།
ཀླུ་སྨྱོན་ཁྲག་འཐུང་གླིང་བས་ཕྱག་བཅས་ཕུལ།།