གངས་ལྗོངས་རིས་མེད་རྒྱལ་བསྟན་རྒྱས་པའི་སྨོན་ལམ།
ཐེངས། 11654 བཀླགས་འདུག
/
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གྲུ་འཛིན་མགོན།།
ཐུགས་བསྐྱེད་རླབས་ཀྱི་རྩེད་འཇོ་དང་འགྲོགས་ཏེ།།
འཕྲིན་ལས་འཇུག་པ་དུས་ལས་མི་གཡོ་བས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
བྱང་བརྒྱུད་གངས་རིས་བསྐོར་བའི་ཞིང་ཁམས་ན།།
བསམ་བཞིན་སྲིད་པ་བཟུང་པའི་ཚུལ་འཛིན་པ།།
རྒྱལ་བློན་ལོ་པཎ་རྣམ་པའི་བྱིན་རླབས་ཀྱིས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
ཀ་དག་ཁྲེགས་ཆད་ལྟ་བའི་བང་རིམ་མཐོ།།
གྲུབ་པའི་གོ་འཕང་མཐོན་པོའི་རྣམ་ཐར་སྙན།།
མཁན་སློབ་ཆོས་གསུམ་བརྒྱུད་པའི་བྱིན་རླབས་ཀྱིས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
ལྟ་བ་རྣམ་དག་མཻ་ཏྲི་པ་ཡི་སྲོལ།།
སྤྱོད་པ་རྣམ་དག་བཀའ་གདམས་རིང་ལུགས་འཆང་།།
མར་མི་དྭགས་གསུམ་བརྒྱུད་པའི་བྱིན་རླབས་ཀྱིས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
ལྟ་སྒོམ་སྤྱོད་པས་ཐུབ་པའི་རྒྱལ་ཚབ་འཛིན།།
འཆད་རྩོད་རྩོམ་པའི་རྣམ་ཐར་གཞན་ལས་སྙན།།
གོང་མ་རྣམ་ལྔ་བརྒྱུད་པའི་བྱིན་རླབས་ཀྱིས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
ཐ་སྙད་ཚད་མས་རྒྱུ་འབྲས་རྟེན་འབྲེལ་གསལ།།
རྟེན་འབྱུང་ལྟ་བས་མཐའ་གཉིས་ཅིག་ཅར་སེལ།།
འཇམ་མགོན་ཡབ་སྲས་བརྒྱུད་པའི་བྱིན་རླབས་ཀྱིས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
མདོ་སྔགས་བཤད་སྒྲུབ་ཚང་ལ་མ་ནོར་བའི།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཁ་ལོ་བ།།
གངས་ལྗོངས་སྐྱེས་ཆེན་བརྒྱུད་པའི་བྱིན་རླབས་ཀྱིས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
རྩ་གསུམ་ལྷ་དང་བླ་མའི་བྱིན་རླབས་དང་།།
རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་དང་།།
མོས་གུས་གདུང་ཤུགས་དྲག་པོའི་བདེན་པ་ཡིས།།
རིས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
/
གངས་ལྗོངས་རིས་མེད་རྒྱལ་བསྟན་རྒྱས་པའི་སྨོན་ལམ་གདུང་བའི་དབྱངས་སྙན་ཞེས་བྱ་བ་འདི་ཡང་། ཨ་རི་ནས་གྲོགས་པོ་ཨ་ལགས་སྙན་ངག་པ་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོས་ནན་བསྐུལ་ཐེངས་འགར་བྱས་པའི་ངོ་མ་བཟློག་པར། བེ་རི་དགེ་བཤེས་འཇིགས་མེད་དུ་འབོད་པས། རབ་བྱུང་རི་ཟླའི་ཤིང་ལུག སྤྱི་ལོ ༢༠༡༥ ཟླ་ ༤ ཚེས་ ༡༡ རེས་གཟའ་སྤེན་པའི་འཛིན་གྲྭར་སློབ་མའི་གཏམ་བཤད་སྐབས་དང་བསྟུན་ནས་དཀར་ཐོག་ཐོལ་བྱུང་དུ་བྲིས་ཤིང་། སློབ་མ་བསོད་ནམས་ཀྱིས་ཁ་པར་ཐོག་བརྙན་པར་ལེན་ནས་སྐད་འཕྲིན་ཐོག་བསྐུར་བྱུང་བ་བཞིན་ཉིན་རྒྱབ་རྩོམ་རིག་ལས་ཁུངས་སུ་ཁ་ཐུག་གློག་ཀླད་དུ་འཇུག་པ་དགེ་ལེགས་འཕེལ།།