རིས་མེད་རྒྱལ་བསྟན་རྒྱས་པའི་སྨོན་ལམ།
ཐེངས། 6326 བཀླགས་འདུག
ན་མོ།
བསླུ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །
ཚོགས་གཉིས་རྣམ་དཀར་དགེ་སྦྱོར་སྒྲུབ་པའི་མཐུ། །
བདག་གི་བསམ་སྦྱོར་དཀར་པོའི་རྟེན་འབྲེལ་གྱིས། །
ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །
ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ་དང་། །
སྤང་བསྒྱུར་གྲོལ་གསུམ་བསྟན་པའི་སྲོལ་འབྱེད་མཁན། །
ཐུགས་རྗེའི་མངའ་བདག་སྟོན་པ་གཤེན་རབ་ཀྱི། །
རིང་ལུགས་འཁྲུལ་མེད་བོན་བསྟན་རྒྱས་གྱུར་ཅིག །
གདོད་མའི་མགོན་པོ་ཀུན་ཁྱབ་ཀུན་ཏུ་བཟང་། །
གྲུབ་བརྒྱའི་གཙུག་རྒྱན་དགའ་རབ་རྡོ་རྗེ་མཆོག །
རིགས་བརྒྱའི་ཁྱབ་བདག་པདྨ་ཀ་ར་ཡི། །
རིང་ལུགས་སྔ་འགྱུར་བསྟན་པ་རྒྱས་གྱུར་ཅིག །
རབ་འབྱམས་རྒྱལ་བའི་འདུས་སོ་རྡོ་རྗེ་འཆང་། །
གྲུབ་པའི་དབང་ཕྱུག་ཏེ་ལོ་ན་རོ་པ། །
གངས་ལྗོངས་ཕྱག་ཆེན་ཉིན་བྱེད་མར་མི་དྭགས། །
འགྲོ་མགོན་བཀའ་རྒྱུད་བསྟན་པ་རྒྱས་གྱུར་ཅིག །
སྨྲ་བའི་སེང་གེ་འཕགས་པ་འཇམ་དཔལ་དབྱངས་། །
མི་ཡི་ཟོལ་བསྟན་གོང་མ་རྣམ་ལྔ་གཙོས། །
བརྒྱུད་པའི་མདོ་སྔགས་རིག་པའི་གཏེར་མཛོད་ཆེ། །
དཔལ་ལྡན་ས་སྐྱའི་བསྟན་པ་རྒྱས་གྱུར་ཅིག །
མཉམ་མེད་རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་དང་། །
ཐུན་མིན་གཞན་སྟོང་བསྟན་པའི་སྲོལ་འཛིན་པ། །
གྲུབ་ཆེན་ཡུ་མོ་དོལ་པོ་ཡབ་སྲས་སོགས། །
རྒྱལ་བ་ཇོ་ནང་བསྟན་པ་རྒྱས་གྱུར་ཅིག །
འཕགས་པ་ཀླུ་གྲུབ་དཔལ་ལྡན་ཟླ་བ་ཡི། །
རིང་ལུགས་མཐའ་བརྒྱད་སྤྲོས་བྲལ་མཚོ་མོ་ལས། །
ཉེར་འཁྲུངས་བསམ་འཕེལ་དབང་པོའི་གཏེར་མཛོད་བདག །
འཇམ་མགོན་བླ་མའི་བསྟན་པ་རྒྱས་གྱུར་ཅིག །
མདོར་ན་གངས་ཅན་རིས་མེད་རྒྱལ་བའི་བསྟན། །
ཕན་བདེའི་འབྱུང་གནས་ཡིད་བཞིན་ནོར་བུ་འདི། །
འཛམ་གླིང་གོ་ལའི་ཁྱོན་དུ་རབ་རྒྱས་ནས། །
འཕྲལ་ཕུག་ཞི་བདེའི་དཔལ་ལ་སྤྱོད་གྱུར་ཅིག །
ཅེས་རིས་མེད་རྒྱལ་བསྟན་རྒྱས་པའི་སྨོན་ལམ་འདིའང་རྒྱལ་བསྟན་རིས་མེད་ལ་དག་སྣང་ཅུང་ཟད་ཐོབ་པ་སྨན་རིའི་དགེ་བཤེས་བསོད་ནམས་ཚུལ་ཁྲིམས་ཀྱིས་མདོ་སྨད་བསྟན་པའི་ཞིང་ས་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་འཁྲུངས་གནས་གཞིས་དགོན་སྐྱང་ཚང་ཕུན་ཚོགས་དར་རྒྱས་གླིང་གི་ནང་བསྟན་སློབ་གླིང་དུ་སྦྱར་བའོ། །