ཚོགས་འདུ་ཐེངས་གསུམ་པ།
ཐེངས། 1628 བཀླགས་འདུག
བགྲོ་གླེང་ཐེངས་གསུམ་པ་འདི་ཟླའི་ཚེས་༦ནས་༨བཅས་ཉིན་གསུམ་རིང་ཨ་རིའི་ནུབ་ངོས་ཀྱི་གྲོང་ཁྱེར་San Franciscoརུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་འཚོགས་ཤིང་། ཚོགས་ཐོག་ཏུ་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་རིས་སུ་མེད་པར་ཨ་རི་དང་ཁེ་ན་ཊའི་ཁུལ་དུ་བོན་དང་ཆོས་སྤེལ་མཁན་གྱི་བླ་སྤྲུལ་དགེ་བཤེས་སོགས་ཤེས་ཡོན་ཅན་དུ་མ་མཉམ་ཞུགས་གནང་།
/
ཚོགས་ཐོག་ཏུ་བླ་སྤྲུལ་དགེ་བཤེས་སོགས་སོ་སོའི་ངོས་ནས་རང་ཉིད་ཀྱི་མྱོང་བབ་དང་འབྲེལ་ཏེ་གནད་དོན་ཁག་དྲུག་གི་ཐོག་བགྲོ་གླེང་དང་ཉམས་མྱོང་སྤེལ་རེས་བྱས། དཔེར་ན། བླ་སྤྲུལ་དགེ་བཤེས་སོ་སོས་ནུབ་ཕྱོགས་ཁུལ་དུ་ཆོས་ཚོགས་གསར་འཛུགས་དང་ཆོས་ཁྲིད་གནང་སྐབས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་སྟེ། ཕྱིའི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས། གོམས་གཤིས་སོགས་མི་འདྲ་བས་ཡུལ་དུས་སྤྱི་ཚོགས་དང་བསྟུན་པའི་སློབ་སྦྱོང་ཆེད་དུས་ཚོད་ཡུན་རིང་བསྐྱེལ་རྗེས་གཞན་ལ་ནང་ཆོས་ངོ་སྤྲོད་སྐབས་ཆོས་ལུགས་ཆོས་བརྒྱུད་སོ་སོའི་གཞུང་དོན་དང་འབྲེལ་བའི་བརྡ་དོན་ཐ་སྙད་དང་ཉམས་ཁྲིད་རྣམས་གདུལ་བྱའི་བློ་དང་བསྟུན་ཏེ་འཁྲིད་ཐབས་བྱ་བ་གལ་ཆེ་ཚུལ། ལྷག་པར་དུ་བརྗོད་བྱའི་བོན་དང་ཆོས་ཀྱི་གནད་དོན་རྣམས་དགེ་རྒན་སོ་སོར་ཉམས་རྟོགས་གཉིས་ལྡན་གྱི་གདེངས་ཐོབ་དགོས་པ་དང་། གལ་སྲིད་བླ་སློབ་ཕན་ཚུན་བར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་འདྲ་མིན་བྱུང་སྐབས་དེ་ལ་གདོང་ལེན་བརྩི་བཀུར་བྱ་རྒྱུ། གཙོ་བོ་ཆོས་ལུགས་ཆོས་བརྒྱུད་སོ་སོའི་སྲོལ་རྒྱུན་ནམ་རྩ་བ་མི་ཉམས་པའི་ཐོག་ནས་དུས་རབས་དང་མཐུན་པའི་མདུན་བསྐྱོད་ཀྱི་གོམ་པ་སྤོ་དགོས་པ་གལ་ཆེན་ཡིན་ཚུལ་གསུངས།
/
དེ་བཞིན་ཆོས་ཀྱི་སློབ་དཔོན་རྣམས་ཀྱིས་རང་རང་གི་ཆོས་བརྒྱུད་ཙམ་མ་ཡིན་པར་ཆོས་བརྒྱུད་ཕན་ཚུན་གཉིས་ཀྱི་ལོ་རྒྱུས་དང་གྲུབ་མཐའི་སྐོར་མཁྱེན་རྟོགས་གལ་ཆེ་བ་དང་། མང་ཚོགས་ཁྲོད་གསུང་ཁྲིད་གནང་སྐབས་དངོས་ཤུགས་རྒྱུད་གསུམ་གང་ནས་ཀྱང་ཆོས་ལུགས་ཕན་ཚུན་བར་སྐྱོན་བརྗོད་སོགས་མི་ཤོར་བའི་ཐབས་ཤེས་གནང་རྒྱུ་དང་། ཆོས་བརྒྱུད་སོ་སོའི་ཁུངས་སུ་བཞུགས་པའི་དད་ལྡན་ཕོ་མོ་སུ་ཞིག་གིས་གྲུབ་མཐའ་གཞན་ལ་དམའ་འབེབས་དང་སྐྱོན་བརྗོད་ཡོང་ཚེ་ཐབས་ཤེས་གང་ལེགས་ཀྱི་སྒོ་ནས་སློབ་སྟོན་དང་མ་འོངས་པར་དེ་འདྲའི་རིགས་མཚམས་འཇོག་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་སོགས།
/