ཆོས་འདོད་ཆོས་ལས་ལྡོག་པར་མི་བགྱིད་འཚལ།
ཐེངས། 14717 བཀླགས་འདུག
རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པ་འཕགས་ཡུལ་འདིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་གྱུར་པ་ན། སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པའི་སྡེ་སྣོད་གསུམ་མ་ག་དྷའི་སྐད་ཀྱིས་སོ། །མདོ་སྡེ་ནི་སིནྡྷའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་ནི་ལེགས་སྦྱར་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་ནི་ལེགས་སྦྱར་དང་། ཐ་མལ་པའི་སྐད་དང་། ཟུར་ཆག་དང་། ལེགས་སྦྱར་མ་ཡིན་པའི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་བསྡུ་བར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། ། དེ་བཞིན་དུ་རྒྱ་ནག་ཆེན་པོ། བཱ་ར་ས་ཀ ཙམ་པ་ཀ སྤྲེའུའི་ཡུལ། གསེར་ཞེས་བྱ་བའི་ཡུལ། རུག་མ་ཞེས་བྱ་བའི་ཡུལ། སུ་རི་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར་གྲོང་ཁྱེར་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་སོ། །དེ་བཞིན་དུ་དུམ་བུ་བཅུ་གཉིས་དང་མཐོ་རིས་དང་མིའི་ཡུལ་དང་ས་འོག་རྣམས་སུ་སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་སྡུད་པར་བྱེད་པ་པོ་དག་གི་ཐེག་པ་གསུམ་བྲིས་ཏེ་། ཞེས་དང་། སྡུད་པར་བྱེད་པ་པོ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་འདུལ་བ་བྱེད་པའི་དོན་དུའོ། །ཞེས་སངས་རྒྱས་ཀྱིས་འགྲོ་བ་མཐའ་ཡས་པའི་སྐད་དུ་གསུངས། སྡུད་པར་བྱེད་པ་པོ་དུ་མས་ཡུལ་སྣ་ཚོགས་ཀྱི་སྐད་ཀྱིས་བསྡུས་པ་བཤད་པས་སོ། །དུས་འཁོར་གྱི་རྒྱུད་དང་འགྲེལ་པ་ཚད་མར་མི་འདོད་མཁན་ལ་ལུང་འདི་དྲངས་ཀྱང་དགོས་པ་མེད་ནའང་། རྗེ་ཡབ་སྲས་ཀྱིས་དུས་འཁོར་རྩ་འགྲེལ་བཅས་ཚད་མར་བཞེད་པས་ན་རང་རེ་རྣམས་ཀྱི་ཁས་བླང་དགོས་པའི་ཕྱིར། རྒྱལ་བ་རང་ཉིད་ཀྱིས་ཀྱང་། ཕལ་པོ་ཆེ་ལས། འཇིག་རྟེན་ཀུན་གྱི་མོས་པ་སྣ་ཚོགས་དང་། །བསམ་པ་ཇི་བཞིན་སྦྱོར་བ་རྣམ་དཔྱོད་པ། །དེ་དག་ཇི་བཞིན་རྒྱལ་བའི་ཆོས་སྟོན་ཏེ། །ཞེས་དང། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད་ནས། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་ཤིང་།བདེ་མཆོག་གི་རྒྱུད་ལ་སོགས་པ་འགའ་ཞིག་ཀླ་ཀློའི་སྐད་དུ་གསུངས་པ་རྒྱུད་རང་ནས་བཤད་པས་སོ། །ཉིད་ཀྱིས་རྣམ་དག་གི་གྲས་སུ་བཞག་པའི་དཔང་སྐོང་ཕྱག་རྒྱར་ཡང་། ནམ་ནམ་ཞར་ཞར་ཚེ་ཚེ་རབས་རབས་སུ། ཞེས་མདོ་རྒྱུད་གཞན་ན་མེད་པའི་བཀའ་འགའ་ཞིག་འབྱུང་བ་རྫ་ཨ་མས་བཅག་པས་སྐམ་སྣོད་ཉན་པའི་དཔེ་ལྟར་སྐྱོན་མ་མཆི། བོད་དུ་བསྒྱུར་པའི་བཀའ་འགྱུར་གྱི་ཁྲོད་ན་མེད་པས་རྫུན་ཆོས་སུ་བསྒྲུབ་མི་ནུས་ཏེ། རྒྱ་ནག་ཏུ་འགྱུར་བའི་བཀའ་འགྱུར་གྱི་ཁྲོད་ན་ཡང་བོད་དུ་མ་འགྱུར་བ་མང་དུ་མཆིས་པ་ལས། དཔའ་བར་འགྲོ་བའི་མདོ་ལས་ཞེས་བྱ་བ་ཞིག་ལྕང་སྐྱ་ཐམས་ཅད་མཁྱེན་པས་བོད་སྐད་དུ་བསྒྱུར་པར་མཛད་ལ། གཤིན་རྗེ་གཤེད་ཀྱི་རྒྱུད་རྟོག་པ་ཞེས་བྱ་བ་པཎྜི་ཏ་ཆོས་བཟང་གིས་བསྒྱུར་པ་དགེ་ལུགས་པའི་འཇིགས་བྱེད་ཀྱི་མངོན་རྟོགས་དང་མཐུན་པ་ཞིག་ཀྱང་སྣང་ཞིང་། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་བོད་དུ་མ་རྙེད་པ་ཡང་རྒྱའི་བཀའ་འགྱུར་དུ་ཡོད་སྐད་ཐོས་སོ། །དེར་མ་ཟད་མདོ་རྒྱུད་རྣམ་དག་ཡིན་ཚད་རྒྱ་གར་ནས་བསྒྱུར་དགོས་པའི་ངེས་པ་ཡང་མེད་དོ། །རྒྱ་གར་དུ་མ་གྲགས་པའི་མདོ་རྒྱུད་ཀྱང་ཚད་མེད་པ་མཆིས་པའི་ཕྱིར་ཏེ། ལ་ལི་ཏས་ཨོ་རྒྱན་ནས་གཤིན་རྗེ་གཤེད་ཀྱི་རྒྱུད་ལས་ཐུགས་ལ་གང་ཟིན་སྤྱན་དྲངས་པ་དང་། ཨ་ཏི་ཤ་ལ་མཁའ་འགྲོ་མ་རྣམས་ཀྱིས་སྔར་མཐོང་མ་མྱོང་བའི་རྒྱུད་ཀྱི་གླེགས་བམ་མང་པོ་བསྟན་པར་བཤད་པ་ལྟ་བུ་མང་བས་སོ། །རྒྱུད་སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་གཅིག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བྱ་བའི་རྒྱུད་ནི་སྟོང་ཕྲག་བཞི། །ཞེས་པ་ནས། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་ཤྭ་ལོ་ཀའི་གྲངས་ཙམ་མ་ཡིན་པར་རྒྱུད་ཀྱི་རྐང་གྲངས་དེ་ལྟར་གསུངས་ན། དེ་ཐམས་ཅད་བོད་ཀྱི་བཀའ་འགྱུར་ན་མེད་པས་སོ། །སངས་རྒྱས་ཀྱིས་སྐད་ཅིག་མ་གཅིག་ལ་གསུངས་པའི་ཆོས་ཕུང་གི་ཚད་ཀྱང་རང་ཅག་ལྟ་ཞོག་འཕགས་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་གཟུང་བར་ནུས་པ་མ་ཡིན་ལ། བདག་ལྟ་བུའི་བློ་ཆུང་གི་སྤྱོད་ཡུལ་དུ་མ་གྱུར་པའི་འཕགས་ཆེན་རྣམས་ཀྱི་གསང་བའི་གནས་བསམ་གྱིས་མི་ཁྱབ་པ་ཡོད་པས། དེས་ན་བཀའ་འགྱུར་ཁྲོད་དུ་མི་འདུག་པས་རྫུན་མའོ། །ཞེས་བློ་ཆུང་གི་གཏམ་གཞུང་ལུགས་ཕྱོགས་རེ་བ་དང། རིགས་ལམ་ཉེ་ཚེ་བ་ཙམ་ལ་སྦྱངས་པའི་སྡུག་ཡུས་ཀྱིས་རང་ལ་ལྐོག་གྱུར་གྱི་གནས་ཀུན་ལ་སྨོད་པར་བྱེད་པ་ནི་དེང་སང་གི་རྟོག་གེ་བ་སྙིང་ཁམས་ཅན་དག་གི་ཁ་སྒོ་ལས་འཐོན་པར་སྲིད་ཀྱི། །ཉིད་ལྟ་བུའི་མཁས་པ་ཆེན་པོ་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་། གསུང་རབ་མ་ལུས་གདམས་ངག་ཏུ་ཤར་བ་དག་གིས་གསུངས་པར་འོས་པ་མ་ཡིན་ནོ། །བརྗོད་བྱ་ལ་སྐྱོན་མེད་ན་དགོས་དབང་དང་། ཕན་སེམས་ཀྱིས་གཞན་ལ་ཁ་གཡར་བ་སྐྱོན་ཆུང་སྟེ། དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས་བསྡུས་པའི་ཚོམ་དང། སྨན་གྱི་རྒྱུད་བཞི་ལྟ་བུ་མང་།
ཡང་ཀེ་ཏ་ཀར། བཀའ་འགྱུར་གྱི་དཀར་ཆག་བུ་སྟོན་ཆོས་འབྱུང་དང་། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་དུ་གསུངས་པ་ཡིད་རྟོན་པའི་གནས་འཁྲུལ་པ་མེད་པའོ། །ཞེས་གསུངས་ཤིང་། མཁས་གྲུབ་རྗེས་རྡོ་རྗེ་མཆུ་དང་། རྡོ་རྗེ་ལྕགས་མཆུ་དང་ལྕགས་མཆུ་ནག་པོ་སོགས་རྫུན་མ་ཡིན་པར་གསུངས་སོ། །ཞེས་གསུངས་ནས། རང་ལུགས་ལ་མཆུ་བཞི་ཀ་རྣམ་དག་གི་གྲས་སུ་དགོད་པར་མཛད་པ་ནི་ཞལ་གཅིག་ལྗགས་གཉིས་པའི་དཔེར་འགྱུར་བར་སེམས། དོན་བསྡུས་ཏེ་གསོལ་ན། གཟུངས་འདུས་ཁྲོད་ཀྱི་མ་དག་པར་བཞག་པའི་ལེ་ཚན་འདི་རྣམས་ལོག་ཆོས་སུ་སྒྲུབ་ན་བརྗོད་བྱ་སངས་རྒྱས་ཀྱི་གསུང་ལས་ཕྱི་རོལ་ཏུ་གྱུར་པ་ཞིག་སྟོན་རྒྱུ་ཡོད་དགོས་ཀྱི། དེ་མེད་ན་བྲག་ཅའི་སྤུན་འདྲའོ། །པགས་སྔོན་ཝ་དང་འདྲའོ། །ཆོ་འཕྲུལ་ཡ་མ་ཟུང་འདྲའོ། །ཞེས་སྨོད་ཚིག་གི་བཀའ་བཀྱོན་ཁོ་ནས་བཙན་ཐབས་སུ་ངན་པར་བསྒྲུབ་མི་ནུས་པ་འདྲ་ལགས། དགོན་ལུང་གི་ཉེ་འཁོར་འདིར་ཉིད་སྐུ་དབང་བཙན་པས་མིག་གྱེན་དུ་བལྟ་ནུས་མཁན་མེད་ཀྱང་། ས་སྐྱ་པ་ཞིག་གིས། ལུང་རིགས་གཏན་ཚིགས་དང་བྲལ་བའི། །གཞན་ལ་བབ་ཅོལ་སྨྲ་བ་འདི། །སྐྱེས་བུ་རྫ་ཡི་ཁུར་ཐོགས་ནས། །རྡོ་བའི་གཡུལ་ངོར་འཇུག་པ་འདྲ། །ཞེས་ཟེར་བ་བཞིན། ཡུལ་ཕྱོགས་གཞན་གྱི་བརྒལ་བརྟག་ལ་སྦྱངས་པའི་སྤོབས་པ་ཅན་འགའ་ཞིག་གིས་འཕྱ་སྨོད་ཀྱི་གནས་སུ་བགྱིས་ན་མི་ལེགས་སོ། །གཟུངས་འདུས་འདི་འཕྲལ་གྱི་རྐྱེན་སེལ་ལ་ཉེ་བར་མཁོ་བ་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་འདུག་ཅེས་ཉིད་ཀྱིས་ཀྱང་གསུངས་འདུག་པས། བཀའ་རྣམ་དག་མིན་ཆུག་ཀྱང་འཕྲལ་རྐྱེན་སེལ་ཕྱིར་ཀློག་འདོན་བྱས་པ་ཙམ་གྱིས་སྐྱོན་ཆུང་སྟེ། འཕྲལ་རྐྱེན་ཞི་ཞིང་འདོད་པ་འགྲུབ་ཕྱིར་ཆོས་དང་ཆོས་མིན་གྱི་བྱ་བ་བགྱིད་འོས་མི་འོས་གཞན་སྣ་ཚོགས་ཀྱང་མཆོག་དམན་ཐམས་ཅད་ཀྱིས་བྱེད་ཅིང་དེ་ལ་སྐྱོན་མེད་པར་རྩི་བར་འདུག་པས་སོ། ། ༈
ཡང་ཀེ་ཏ་ཀར། གཟུངས་འདུས་སུ་གྲགས་པ་དེ་ཀོ་སྔར་བཀའ་འགྱུར་གྱི་ནང་ནས་ཁ་ཏོན་དང་རིམ་གྲོ་ལ་ཉེ་བར་མཁོ་བ་འགའ་ཞིག་ཟུར་དུ་བླངས་པ་ལ་ཕྱིས་སུ་རིམ་པར་བསྣན་ནས་ད་ལྟ་ཨོ་རྒྱན་པདྨས་གསུངས་ཟེར་བ་འགའ་ཞིག་ཀྱང་བཀའི་ཁྲོད་དུ་བཅུག་པས་ཤིན་ཏུ་རྒྱས་པ་རྟག་བརྟན་གཟུངས་འདུས་ལས་མཆེད་ཅིང་། ཞེས་པ་ནས། མདོ་རྒྱུད་ཁོ་ན་ལས་ཉུང་ཤས་ཤིག་བསྡུས་པར་འདུག་པས་དེའི་ནང་དུ་བཀའ་མིན་པ་གཞུག་ཅི་ལ་འོས། ཞེས་གསུངས་པ་ལ། རྟག་བརྟན་གཟུངས་འདུས་ལས་སྔོན་དུ་མདོ་རྒྱུད་ཁོ་ན་ཉུང་ཤས་ཤིག་བསྡུས་པའི་གཟུངས་འདུས་ཤིག་ཡོད་ན་དེ་བསྡུ་མཁན་དང་དེས་བསྒྲིགས་པའི་དཀར་ཆག་སོགས་སྟོན་རྒྱུ་ཡོད་དགོས་པ་ལ་མི་འདུག་ཅིང་། བུ་སྟོན་དང་ཐུགས་རྗེ་དཔལ་སོགས་ཀྱིས་ཞུ་དག་མཛད་པའི་གཟུངས་འབུམ་ཡོད་ཀྱང་གཟུངས་སྔགས་ཁོ་ན་ལས་མདོ་རྒྱུད་ཆ་ཚང་བའི་ཆོས་ཚན་ཕྱོགས་གཅིག་ཏུ་བསྒྲིགས་པ་མི་འདུག་པས་དེ་དག་རྟག་བརྟན་གཟུངས་འདུས་ཀྱི་ཕྱི་མོ་མ་ཡིན་ནོ། །རྟག་བརྟན་གཟུངས་འདུས་སྒྲིག་པ་པོས་ཀྱང་ཁོ་རང་གི་དཀར་ཆག་ཏུ། མདོ་ཤིན་ཏུ་ཉེ་བར་མཁོ་ཞིང་བྱིན་རླབས་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་བརྒྱད་ཙམ་བཞུགས་ཤིང་། རྒྱ་ནག་དང་གཏེར་ནས་བྱོན་པ་སོགས་རེ་རེ་ཙམ་ཡང་བར་ཆད་བཟློག་པ་ལ་བསྔགས་ཤིང་མཁོ་བའི་ཕྱིར་གླེགས་བམ་གྱི་མཇུག་གི་ཆ་ལ་བཞུགས་ཞེས་སོ་སོར་ཕྱེ་ནས་བཀོད་འདུག་པས། པོ་ཏི་གཅིག་གི་ནང་དུ་མདོ་རྒྱུད་བསྟན་བཅོས་སྣ་ཚོགས་ལྷན་དུ་བཞུགས་པ་ལ་ཉེས་པ་ཅི་ཡོད།
༈ ཡང་ཀེ་ཏ་ཀར། ཟབ་ཆོས་བཀའ་རྒྱ་ཅན་དང་ས་ཆོས་རྡོ་ཆོས་གནམ་ཆོས་གཏེར་ཆོས་སུ་གྲགས་པ་གང་དང་གང་ཟོག་པོ་མཁན་རྫུས་མས་སྦྱར་བ། ཞེས་པ་ནས། ཁྱི་ལྟོག་ཟས་ཡིན་མིན་གཙང་མི་གཙང་གང་ལ་འཕྲད་འཕྲད་དུ་ཚམ་ཚོམ་མེད་པར་ལེན་མི་རིགས་ཏེ། ཞེས་སྤྱི་གཏམ་ཞིག་གསུངས་པ་ལ་འདི་སྐད་ཅེས་གསོལ་བར་བྱའོ། །ཟབ་ཆོས་བཀའ་རྒྱ་ཅན་ནི་དགེ་ལུགས། ས་སྐྱ། བཀའ་བརྒྱུད་ཐམས་ཅད་ལ་ཡོད་ཅིང་། རྒྱལ་བ་རྡོ་རྗེ་འཆང་རང་གིས་བཀའ་རྒྱ་མཛད་པའི་ཟབ་ཆོས་ཀྱང་ཆེས་མང་བས་གསུང་དེ་ནི་ཧ་ཅང་ཐལ་ཆེ་བར་སེམས། གནམ་ཆོས་ཐམས་ཅད་རྫུན་མ་ཡིན་ན་དཔང་སྐོང་ཕྱག་རྒྱ་ལྷ་ཐོ་ཐོ་རིའི་དུས་སུ་གནམ་ལས་བབས་པའི་གནམ་ཆོས་ཡིན་པ་ལས། དེ་ནི་གཞུང་འདི་ན་རྣམ་དག་གི་གྲས་སུ་བཞག་འདུག་པས། གནམ་ཆོས་ཀྱི་མཚན་གཞི་དྲག་ཤོས་དེ་དག་པར་འཇོག་ན། མ་དག་པའི་གནམ་ཆོས་གཞན་ལོ་བརྒྱར་བཙལ་ཀྱང་མི་རྙེད་དོ། །
ས་ཆོས་རྡོ་ཆོས་ཟེར་བའི་ཐ་སྙད་སུ་ལའང་མ་གྲགས་ལ། ས་ལས་ཐོན། བྲག་ལས་ཐོན་ཟེར་བ་ཡོད་ཀྱང་དེ་ཐམས་ཅད་གཏེར་ཆོས་ཡིན་པས་སོ་སོར་སྨོས་མི་དགོས་ཤིང་། དེ་དག་ཀྱང་ཟོག་པོ་རྫུན་མས་སྦྱར་བར་མ་ངེས་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཕྱི་མ་དེ་ཚེ་དུས་དག་ཏུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །ཞེས་པ་ནས། སྔོན་ནི་ངས་ནི་གང་བཤད་པའི། །ཐེག་པ་ཆེན་པོའི་མདོ་སྡེ་ཡང་། །དེ་ཡི་ཚེ་ན་བུམ་པ་ལས། །དཀའ་ཐུབ་ཆེན་པོས་འདྲེན་པར་བྱེད། །གླེགས་བམ་དེ་ལ་དེས་བལྟས་ནས། །དེ་གའི་སྔགས་ནི་ཟློས་པས་ནི། །ཞེས་ལུང་བསྟན་པ་བཞིན། དགེ་སློང་དགྲ་བཅོམ་པར་གྲགས་པས་བུམ་པ་བཟང་པོ་ཞིག་ནས་མདོ་ལ་སོགས་པའི་ཆོས་གང་འདོད་པ་བཏོན་ནས་ཉམས་སུ་བླངས་པའི་ལོ་རྒྱུས་ཀྱང་ཆོས་འབྱུང་མང་པོར་འབྱུང་། མདོ་སྡེ་མཛངས་བླུན་དུ་ཁྱིམ་བདག་ཅིག་གི་ཁྱིམ་གྱི་ཀ་བ་ལས་བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་ཐོན་པའི་ལོ་རྒྱུས་ཀྱང་སྣང་བའི་ཕྱིར་རོ། །སྐལ་པ་དང་ལྡན་པ་དག་ལ་ས་རྡོ་རི་བྲག་གང་ནས་ཀྱང་དམ་པའི་ཆོས་ཀྱི་བདུད་རྩི་འབྱུང་བ་ཡིན་ཏེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་གཏེར་རི་དང་རི་སུལ་དང་ཤིང་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་གསུངས་པས་སོ། །གཏེར་ཆོས་ཐམས་ཅད་ཟོག་པོ་རྫུན་མས་བྱས་པར་གསུངས་པ་ཅུང་ཟད་རྩིང་སྟེ། ཞི་བྱེད་ཀྱི་རྒྱུད་རྣམས་དུར་ཁྲོད་དཔལ་གྱི་རོལ་པ་ནས་ཕ་དམ་པས་གདན་དྲངས་པ་དང་། མཧཱ་མ་ཡའི་རྒྱུད་ཨུ་རྒྱན་གྱི་ཡུལ་ནས་ཀུ་ཀུ་རི་པས་ཕྱུངས་པ་དང་། རྫོགས་རིམ་རླུང་སེམས་དབྱེར་མེད་རྡོ་རྗེ་གདན་ནས་མར་པས་ཕྱུངས་པ་དང་། སེང་གདོང་སྒྲུབ་སྐོར་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཕ་བོང་གཡག་འདྲ་བའི་འོག་ནས་བླ་མ་རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱ་པས་ཕྱུངས་པ་དང་། ཀུ་རུ་ཀུལླེའི་སྒྲུབ་སྐོར་འགའ་ཞིག་རྡོ་རྗེ་གདན་གྱི་བྱང་ཕྱོགས་ལྷ་མོ་དུད་སོལ་མའི་ནུ་འབར་ན་ཡོད་པ་སྒྲོལ་མས་ལུང་བསྟན་ཏེ་བླ་མ་གཉན་ལོ་ཙཱ་བས་ཕྱུངས་པ་དང་། ལྷ་སའི་དཀར་ཆག་ཀ་བ་བུམ་པ་ཅན་ནས་ཇོ་བོ་རྗེས་ཕྱུངས་པ་དང་། ཕན་གནོད་ལས་ཚོགས་འགའ་ཞིག་ཀ་བ་ཤིང་ལོ་ཅན་དང་། སྦྲུལ་མགོ་ཅན། སེང་མགོ་ཅན་རྣམས་ན་ཡོད་པ། བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་ཀྱིས་སྣ་འགའ་ཙམ་ཕྱུངས་པ་དང་། རོ་སྙོམས་སྐོར་དྲུག་ཏི་ཕུ་བའི་ལུང་བསྟན་བཞིན་རས་ཆུང་པས་ལྷོ་བྲག་མཁར་ཆུར་སྦས་པ་ཕྱིས་སུ་འགྲོམགོན་གཙང་པ་རྒྱ་རས་ཀྱིས་གཏེར་ནས་བཏོན་པ་དང་། སེམས་ཁྲིད་ཡིད་བཞིན་ནོར་བུ་རྗེ་དྭགས་པོ་རིན་པོ་ཆེ་དང་། སྐྱེས་བུ་ཡེཤེས་རྡོ་རྗེ་དཔོན་སློབ་ཀྱིས་མཚོ་མཎྚལ་ནག་པོ་ལ་གཏེར་ཏུ་སྦས་པ། དྭགས་བརྒྱུད་པ་དུང་མཚོ་རས་པ་རིན་ཆེན་བཟང་པོས་གཏེར་ནས་བཏོན་པ་དང་། རྣམ་སྲས་ཀྱི་སྒྲུབ་སྐོར་འགའ་ཞིག་བྱ་རྒོད་གཤོང་ནས་གཉལ་བ་ཉི་མ་ཤེས་རབ་ཀྱིས་ཕྱུངས་པ་དང་། པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་བསམ་ཡས་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཕྱུངས་པ་སོགས་རྙིང་མ་ཁོ་ནར་མ་ཟད་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཡོད་ལ། རང་རེ་དགེ་ལྡན་པ་ལ་ཡང་། སྲད་རྒྱུད་ཀྱི་མགོན་ཁང་དུ་འདུལ་ནག་པ་དཔལ་ལྡན་བཟང་པོས་གཏེར་ཏུ་སྦས་པའི་ཆོས་རྒྱལ་གྱི་ལས་ཚོགས་འགའ་ཞིག་རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་བཏོན་པ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཀྱང་། གཏེར་ལུང་ནས་མ་ཅིག་གི་ལུང་བསྟན་དང་གཏེར་རྫས་བཞེས་པ་དགོངས་པར་མངའ་བ་ལགས། ཁྲི་ཆེན་ངག་དབང་མཆོག་ལྡན་པར་མནལ་ལམ་དུ། རྗེ་བཙུན་ཙོང་ཁ་བ་ཆེན་པོ་དགུང་ལོ་བཅོ་ལྔ་བཞེས་པའི་ཚོད་ཙམ་ལ་རྒྱ་རས་བཟང་པོའི་ན་བཟའ་གསོལ་བ་ཞིག་གིས་བྱང་ཆུབ་དགོན་པའི་མཆོད་རྟེན་སྟེང་ན་གཏེར་འགའ་ཞིག་འདོན་རྒྱུ་ཡོད་ཚུལ་གྱི་བཀའ་ཕེབས་བྱུང་ནའང་། ཁྲི་ཆེན་མདོ་ཁམས་སུ་མ་ཕེབས་པས་གཏེར་བཞེས་རྒྱུ་མ་བྱུང་འདུག། དམ་ཆོས་མཆོག་གི་རྒྱུད་ལས་ཀྱང་། རྒྱུད་དང་རྒྱུད་ཀྱི་རྒྱལ་བོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུངས་ཤིག་བསྩལ། །ཞེས་གསུངས་པས། གཏེར་ཆོས་ཐམས་ཅད་རྙིང་ཆོས་དང་། གཏེར་ཆོས་འདོན་མཁན་ཐམས་ཅད་ཟོག་པོ་རྫུན་མ་ཡིན་མི་དགོས་བ་འདྲ་ལགས། ཡང་ཀེ་ཏ་ཀར། པདྨ་སམྦྷ་ལྦ་དངོས་ཁ་བ་ཅན་དུ་བྱོན་ནས་བསྟན་པའི་བྱ་བ་བྱས་པ་སོགས་ཀྱི་ཡི་གེ་རྒྱལ་བཞེད་སྦ་བཞེད་ཅེས་པ་ལྷད་མེད་ན་ཡང་མེད་པ་ཞིག །རྒྱལ་བོ་གླང་དར་མ་ཞེས་པ་ཐུགས་རྗེ་ཆེན་པོས་ཞི་བས་མི་ཐུལ་བའི་རིགས་གདུལ་ཆེད་དུ་སྤྲུལ་པ་ཡང་སྲིད། དེས་གཙོ་བོར་བསྟན་པ་ལས་བཀག་པ་བྱུང་བ་རྣམས་སེལ་ཆེད་དུ་རྒྱལ་བསྟན་བསྣུབས་པའི་རྗེས་སུ་བྱུང་བ་ཤ་སྟག་ཏུ་གདའ་བ་ལ། ཞེས་གསུངས་པ་ལ། ཕྲན་བློ་གྲོས་དམན་པས་གོ་བ་དཔྱིས་ཕྱིན་པ་ཞིག་མ་རྙེད་ཀྱང་། ཕལ་ཆེར་ཨོ་རྒྱན་པདྨས་བོད་དུ་བསྟན་པ་ལ་བྱ་བ་བྱས་པ་མེད། གླང་དར་མ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན། དེས་བསྟན་པ་བཤིགས་པ་མ་དག་པ་སེལ་ཆེད་དུ་ཡིན། ཞེས་གསུང་རྒྱུ་ཡིན་འདྲ་བས། དེ་ལྟ་ན་སློབ་དཔོན་ཆེན་པོས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཚུལ་མང་ཡང་རེ་ཞིག་བྱང་ཆུབ་ལམ་རིམ་ལས། བསྟན་པ་སྔ་དར་ལ་མཁན་ཆེན་ཞི་བ་འཚོ་དང་པདྨ་མྦྷ་ལྦས་བསྟན་པའི་སྲོལ་བཙུགས་པ་ལ། ཞེས་གསུངས་པ་ཚད་མར་བྱེད་དགོས་པས། བསྟན་པའི་སྲོལ་བཙུགས་པ་ལས་ལྷག་པའི་བསྟན་པ་ལ་བྱ་བ་ཅི་དགོས། དེང་སང་བླ་ཆེན་ཕལ་མོ་ཆེས་རང་འདོད་ཕུགས་སུ་བཅུག་ནས་དགོན་སྡེ་གོག་པོ་རེ་གཉིས་འཛིན་བདག་བྱས་ཏེ་བུན་བསྐྱེད་སོགས་ལོག་འཚོའི་འགྱེད་ཕོག་ཇ་ཚུལ་དུ་འཛུགས་པ་དང་། རྙེད་བཀུར་བསྡུ་ཕྱིར་ཁྲོམ་དབང་མང་པོ་བསྐུར་ཏེ་དམ་ཉམས་ཀྱིས་རྒྱལ་ཁམས་འགེངས་པར་བྱེད་པ་ལ་བསྟན་པའི་བྱ་བ་ཨ་ཙི་བར་རྩི་ན། བོད་ཡུལ་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་ཐོག་མར་སྦོར་བར་མཛད་པ་ནི་བསྟན་པའི་བྱ་བའི་ནང་ནས་ཀྱང་རབ་དང་ཕུལ་དམ་པ་ཞིག་ཏུ་འཁུམ་སྟེ། རྗེ་བླ་མས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་སྨོན་པ་མཛད་པའི་གནས་སུ་འདུག་པས་སོ།། དེར་མ་ཟད་ཇོ་བོ་ཆེན་པོ་དང་། མཉམ་མེད་དྭགས་པོ་རིན་པོ་ཆེ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་རྣམས་ཀྱང་སློབ་དཔོན་ཆེན་པོའི་རྣམ་སྤྲུལ་ཡིན་པར་ཚད་མའི་སྐྱེས་བུ་རྣམས་ཀྱང་ཡང་ཡང་གསུངས་ན། སློབ་དཔོན་ཆེན་པོ་ལས་ལྷག་པའི་བོད་གངས་ཅན་གྱི་བསྟན་འགྲོ་ལ་བཀའ་དྲིན་ཆེ་བ་སུ་ཞིག་མཆིས།
དེས་ན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། གྲུབ་དབང་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་དཔལ་ལྡན་མར་མེ་མཛད། །ཡང་སྤྲུལ་བློ་བཟང་གྲགས་པའི་དཔལ། །ཁྱོད་མིན་བདག་ལ་སྐྱབས་གཞན་གང་། །ཞེས་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །བོད་ཡུལ་རྨོངས་པའི་མུན་པ་སེལ་ཕྱིར་དང་། །ལོག་འདྲེན་སྡེ་བརྒྱད་སྲིན་པོའི་ཁ་གནོན་མཛད། །ཨོ་རྒྱན་རིན་པོ་ཆེ་ལ། ཞེས་དང་། བོད་ཡུལ་ཡོངས་ཀྱི་སྐྱེ་བོ་ལ། །བཀའ་དྲིན་ནོར་བུ་ངལ་གསོ་བ། །པདྨ་འབྱུང་གནས་ཞེས་སོགས་མང་དུ་གསུངས། དེ་བཞིན་གྱི་གྲུབ་མཐའ་གཞན་གྱི་སྐྱེས་བུ་མང་པོ་དང་། རྒྱལ་དབང་སྐུ་ན་རིམ་གྱིས་གསུངས་པ་མང་དུ་མཆིས་ཀྱང་ཉིད་ཐུགས་མོས་མི་མཛད་པས་འདིར་མ་དྲངས་ལ། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་ལྷག་པའི་དགེ་ལུགས་པའི་བསྟན་པའི་བདག་པོ་ཞིག་འཇོག་དཀའ་བས། ཁོང་གི་གསུང་ཉིད་ཀྱང་ཚད་མར་བཞེད་དགོས་སམ་སྙམ་ལགས། འདིར་འཕྲོས་དོན་ཅུང་ཟད་གླེང་ན། ལམ་རིམ་ཆེན་མོར་སྔར་དྲངས་པའི་ལུང་དེའི་མཇུག་དེ་མ་ཐག་ཏུ། ལྟ་བའི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཐབས་ཀྱི་ཆ་ལ་སྐུར་ཞིང་ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས། ཞེས་གསུངས་ལ། དེང་སང་གི་མཁས་རློམ་མང་པོས། ཞི་འཚོ་དང་སློབ་དཔོན་གྱིས་བསྟན་པའི་སྲོལ་བཙུགས་པ་ལ་ལྟ་བའི་གོ་བ་གནད་དུ་མ་སོང་བར་ལམ་རིམ་ལས་བཤད་དོ། །ཞེས་ཟེར་མོད། དེ་ནི་ལམ་རིམ་གྱི་པར་ཡིག་གི་གཅོད་མཚམས་ནོར་བ་ཡིན་ཏེ། སྲོལ་བཙུགས་པ་ལ་ཞེས་པ་ཡར་བཅད། ལྟ་བའི་གོ་བ་ཞེས་པ་སོགས་མར་གཅོད་དགོས་རྒྱུ་ལ། སྲོལ་བཙུགས་པ་ལ་ལྟ་བའི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཞེས་ཡར་བཅད། ཐབས་ཀྱི་ཆ་ལ་ཞེས་སོགས་མར་བཅད་པས་མང་པོ་ཞིག་ལ་འཁྲུལ་གཞི་བྱས་འདུག་ཅེས་ཉི་ཟླ་ལྟ་བུའི་མཁས་གྲུབ་ཆེན་པོ་༧རྗེ་བླ་མ་མེ་ཏྲིའི་མཚན་ཅན་དང་། ཐམས་ཅད་མཁྱེན་པ་ལྕང་སྐྱ་རིན་པོ་ཆེས་གསུངས་པ་ཤིན་ཏུ་མད་པར་སྣང་སྟེ། གཅོད་མཚམས་ཕྱི་མ་ལྟར་བྱས་ན་འབྲེལ་ཅི་ཡང་མི་ཆགས་པ་བལྟས་པས་ཤེས་པར་སྣང་བའི་ཕྱིར་རོ། །
ཡང་གླང་དར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང་། དེས་བསྟན་པ་བསྣུབས་པ་མ་དག་པའི་དྲི་མ་སེལ་ཆེད་ཡིན་པ་འདྲ་བ་ཞིག་གསུངས་པ་ཡང་བདག་ལྟ་བུའི་བློར་ཤོང་དཀའ་ཡང་། གླང་དར་སྤྱན་རས་གཟིགས་ཀྱི་སྤྲུལ་པར་སུས་ཀྱང་གསུངས་པ་མ་ཐོས་ཤིང། བྱ་བ་བྱས་པ་རྣམས་ལ་བལྟས་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་ཞིག་སྙམ་པ་ཡོད་མི་འདུག དེས་ན་ཚད་མའི་སྐྱེས་བུ་རྣམས་ཀྱིས་སངས་རྒྱས་གཉིས་པར་བསྔགས་པའི་སློབ་དཔོན་ཆེན་པོས་བསྟན་པའི་བྱ་བ་མ་བྱས་པས། བདུད་ཀྱི་སྤྲུལ་པར་གྲགས་པའི་རྒྱལ་པོ་གླང་དར་གྱིས་བསྟན་པ་དག་པར་བྱས་པ་ནི། ཀཉྩའི་ཡུལ་གྱི་རྒྱལ་ཕྲན་འགའ། །ཕ་བསད་པ་ལ་རྒྱལ་རྔ་བརྡུངས། །ཞེས་པའི་དཔེར་སེམས་སོ། །དར་མས་བསྟན་པ་བཤིགས་ནས་ཇེ་བཟང་ལ་མ་སོང་སྟེ། དཔལ་འཛིན་གྱིས། རྒྱལ་པོ་དར་མས་བསྟན་པ་བསྣུབས། །དེ་རྗེས་ཆོས་ལོག་དུ་མ་འཕེལ། །ཞེས་ཆོས་ལོག་རྣམས་དེའི་རྐྱེན་གྱིས་བྱུང་བས་བཤད་པས་སོ། །
ཡང་ཀེ་ཏ་ཀར། སྲི་ཟློག་ཙཀྲ་བཅུ་གསུམ་ཟེར་བའི་སྔགས་འདྲ་ཡང་གཞན་འདྲ་མིན་གདའ་བས་ཁ་ཅིག་གི་མིང་བྱང་ན་གུ་རུ་ཚེ་བརྟན་གྱིས་ཙཀྲ་འཁོར་ལོ་འབར་བ་ཞེས་པ་ཡོད་ཅིང་། སྔགས་བསྒྱུར་ན་ལ་ལ་མི་བདེ་བ་དང་བཀའ་འགྱུར་ན་འདི་མེད་པས་དབང་གཞུའི་སྙིང་པོའི་ངང་ཚུལ་ལོ་གསུངས་པ་ལ། ཕྱིར་བཟློག་འཁོར་ལོ་འབར་བའི་མན་ངག་ཙཀྲ་བཅུ་གསུམ་ཞེས་བྱ་བ་ནི། སྤྲུལ་སྐུ་བཟང་པོ་གྲགས་པས་གངས་བུ་ལེར་སྒྲུབ་པ་མཛད་སྐབས་གནོན་སྦྱིན་བུ་ལི་ཁྱེའུ་དཀར་པོ་དུང་ཐོད་ཅན་ཞིག་གི་རྣམ་པས་དྲུང་དུ་འོང་སྟེ་གཏེར་འདོན་པར་ཡང་ཡང་བསྐུལ་ཀྱང་ཉམས་ཀྱི་སྣང་བ་ལ་རྩིས་གདབ་མ་མཛད། སྐབས་ཤིག་ལ་སྟོད་ཕྱོགས་སུ་ལྡོམ་བུ་ལ་བྱོན་པས། སྒོམ་ཆེན་ཞིག་དང་འཕྲད། མཚན་དྲིས་པས། སྙེ་ལམ་ལ་སྒོམ་བྱ་བ་ཡིན་ཟེར། ཆོས་གཏམ་བྱས་པས། སློབ་གཉེར་དང་ཉམས་མྱོང་ཕུལ་དུ་ཕྱིན་པར་འདུག་པས་མོས་གུས་ཚད་མེད་པ་སྐྱེས། དེས་གསུངས་ནས། གྲམ་པ་སྒང་སོགས་ན་གཏེར་ཡོད་པ་ཐོན་དང་སེམས་ཅན་ལ་ཕན་ཐོག་གོ་ཟེར་ནས་བུད་སོང་ངོ། །དེ་ནས་བཟང་པོ་གྲགས་པས་གྲམ་པ་རྒྱང་དང་ཡོན་པོ་ལུང་ནས་གཏེར་མང་དུ་བཞེས། ཕྱིར་ཟློག་འཁོར་ལོ་འབར་བ་འདི་ཡང་ཡོན་པོ་ལུང་ནས་གཏེར་ནས་བཞེས། དེ་ནས་སྙེ་ལམ་ཕྱོགས་ལ་བྱོན་ནས་སྔར་གྱི་སྒོམ་ཆེན་རྩད་བཅད་པས། མིང་ཙམ་ཡང་ཤེས་མཁན་མ་བྱུང་བས་སྒོམ་ཆེན་སློབ་དཔོན་ཆེན་པོའི་སྤྲུལ་བར་ཐུགས་ཀྱིས་འདྲོངས། བཟང་པོ་གྲགས་པས་སྤྲུལ་སྐུ་དངོས་གྲུབ་རྒྱལ་མཚན་ལ་གཏད། དེ་ནས་རིམ་པར་བརྒྱུད་པའི་ལོ་རྒྱུས་མཆིས་པ་ལས། གུ་རུ་ཚེ་བརྟན་གྱིས་བརྩམས་པས་ཙཀྲ་འཁོར་ལོ་འབར་བ་ཟེར་བ་མ་ཐོས། རྒྱལ་དབང་ལྔ་བ་ཆེན་པོས་མཛད་པའི་ཕྱིར་བཟློག་འཁོར་ལོ་འབར་བའི་དམིགས་རིམ་བརྗེད་བྱང་དུ། སྐྱེ་སྟོན་གུ་རུ་ཚེ་བརྟན་གྱི་གསུང་རྒྱུན་བཞིན་ཟ་ཧོར་གྱི་བན་ངྷེས་སྦྱར་གསུངས་འདུག་པ་དེ་གཟིགས་པ་ཡིན་པ་འདྲ། བསྒྱུར་ན་མི་བདེ་བ་རྩོད་མེད་ཀྱི་སྔགས་འགའ་ཞིག་ལའང་ཡོད་དེ། དཔེར་ན་སྒོ་མཐའ་ཡས་པའི་གཟུངས་ལ་ཡང་། ཚེརྒྱ་ཡ་ན་ཏེ་ཚོ་རྒྱ་པྲ་ཏི་བྷ་ནེ། ཞེས་པ་ཡོད་པ་ལྟ་བུའོ།། བཀའ་འགྱུར་ན་མེད་པས་ངན་ཁར་མི་རུང་བ་གོང་དུ་ཞུས་པ་ལྟར་ཡིན།
ཆོས་སྡེ་ཆེན་པོ་བྱམས་པ་གླིང་དུ་། རྒྱལ་གདོན་དང་དམ་སྲིའི་གནོད་པ་ཆེ་བ་ལ་ཕན་ཐབས་ཅི་བགྱིས་ན་ལེགས་ཞེས་ལྕང་སྐྱ་གོང་མས་རྒྱལ་སྲས་བློ་བཟང་བསྟན་འཛིན་དང་། རྟ་ཚག་རྗེ་ཞབས་དྲུང་གཉིས་ལ་ཐུགས་དམ་བརྟག་པ་ཞུས་པར། ཙཀྲ་བཅུ་གསུམ་ཚོགས་འདོན་དུ་བཙུགས་ན་ལེགས་ཚུལ་གནང་བ་བཞིན། ལྕང་སྐྱ་གོང་མ་ཉིད་ཀྱིས་དགོན་ལུང་གི་ཚོགས་པའི་ཞལ་འདོན་དུ་བཙུགས། དུས་ཕྱིས་མི་རྣ་བ་སྲབ་པ་འགའ་ཞིག་གིས་ཙཀྲ་བཅུ་གསུམ་རྙིང་ཆོས་ཡིན་ཟེར་ནས་ཚོགས་འདོན་བྱེད་པ་བཀག་པ་ལ། ལྕང་སྐྱ་རྡོ་རྗེ་འཆང་སྐུ་འདི་བས་སྔར་གྱི་ལོ་རྒྱུས་རྣམས་གསུངས་ནས་སླར་ཡང་ཚོགས་སུ་རྒྱུན་འདོན་བྱེད་དགོས་ཚུལ་གྱི་བཀའ་རྒྱ་ཕེབས་པ་བཞིན་ད་ལྟ་ཚོགས་འདོན་མཛད་པ་འདི་ལྟར་ལགས་པས། ཙཀྲ་བཅུ་གསུམ་སྔགས་པ་བླུན་པོའི་རང་བཟོ་ཁུངས་མེད་ཅིག་ཡིན་ན། རང་ཕྱོགས་ཀྱི་བསྟན་པའི་མངའ་བདག་དེ་རྣམས་ཀྱིས་དགེ་ལུགས་པའི་གྲྭ་ས་ཆེན་པོར་ཚོགས་འདོན་དུ་འཛུག་པར་ག་ལ་མཛད། གང་ལྟར་ཡང་ཙཀྲ་བཅུ་གསུམ་ནི་བརྒྱུད་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་ཏུ་འགྲོ་བ་མཐའ་མ་བཀག་ཀྱང་། དངོས་བསྟན་སྒྲས་ཟིན་ལ་ཐར་ལམ་བརྗོད་བྱའི་གཙོ་བོ་བྱས་ནས་སྟོན་པའི་བསྟན་ཆོས་ཡིན་འདུག་ཅིང་། ཉམས་སུ་ལེན་མཁན་ཚོས་ཀྱང་སྲི་བཟློག་ཆེད་ཙམ་ལས་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་ཆེད་ཉམས་སུ་ལེན་མཁན་དཀོན་ལ། གནས་སྐབས་ཀྱི་ནད་གདོན་ཙམ་སེལ་ཕྱིར་དུ་རིག་བྱེད་ཀྱི་གཞུང་དང་ཀླ་ཀློའི་ལུགས་ལས་འབྱུང་བའི་བསྟན་བཅོས་དང་རྟེན་རྟེན་འབྲེལ་སྣ་ཚོགས་ཀྱང་བྱེད་ཅིང་། ཁྱི་ཕག་མི་གཙང་བ་ཡན་ཆད་བསྟེན་དགོས་པའང་སྣང་བས། ཙཀྲ་བཅུ་གསུམ་བཏོན་པ་ལ་ཉེས་པ་ཆེན་པོ་མེད་པར་སེམས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། ཞེས་སོགས་མདོ་བསྟན་བཅོས་དུ་མར་ཆོས་ལ་རྟོག་དཔྱོད་དགོས་པར་གསུངས་པ་ཡང་། ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཕྱིར་དུ་ཉམས་སུ་བླང་བྱའི་ཆོས་ལ་གསུངས་པ་ཡིན་གྱི། ཚེ་འདིའི་དོན་སྒྲུབ་བྱེད་ཀྱི་ཐབས་ལ་གསུངས་པ་ག་ལ་ཡིན། ཚེ་འདིའི་ཆེད་དུ་ཚོང་། ཞིང་ལས། གྲོང་ཆོག གཡོ་སྒྱུ་ཁྲམ་གསུམ་སྣ་ཚོགས་ཤིག་བྱེད་དགོས་འདུག་པས། ཙཀྲ་བཅུ་གསུམ་བཏོན་པ་དང་གཏོ་མདོས་གླུད་གསུམ་གཏོང་བ་རྣམས་སྔ་མ་དེ་ཚོ་ལས་ཐ་ཆད་ཅིག་ནི་མིན་ནམ་སྙམ་སྟེ། བློ་ལྡན་ཚེ་འདི་སྒྲུབ་པ་ཡང་།། ཆོས་ཀྱིས་སྒྲུབ་པ་མཆོག་ཡིན་ཏེ།། དམ་པ་རྣམས་དང་རྐུན་པོ་ཡི།། ཕུན་སུམ་ཚོགས་པའི་ཁྱད་པར་ལྟོས།། ཞེས་གསུངས་པའི་ཕྱིར། འདིར་འཕྲོས་དོན་ལྟ་བུར་འདི་ཡང་གསོལ་བར་བྱ་སྟེ། རྙིང་མའི་གཏེར་ཆོས་ཐམས་ཅད་ལ་ཐུགས་མི་དགྱེས་པ་ལ། ཉིད་རང་གིས་མཛད་པའི་ཆོས་སྤྱོད་ཉུང་འདུས་སུ་ཁ་འབར་མ་དཀར་ནག་ཁྲ་གསུམ་འགོད་པར་མཛད་པ་ཅུང་ཟད་འགལ་བར་སེམས་ཏེ། དེ་ནི་སློབ་དཔོན་ཆེན་པོས་ལྷོ་བྲག་གནམ་སྐས་སུ་སྦས་པ། ཕྱིས་དྷརྨ་ཤྭ་རེས་བཏོན་པའི་གཏེར་ཆོས་རྙིང་ནག་ཅིག་ཡིན་པས་སོ།། དེ་བཞིན་དུ་ཆར་འབེབས་ཀྱི་གདམས་པ་གནམ་སའི་མཛེས་རྒྱན་ཞེས་པ་ཞིག་གནང་འདུག་པར། རྙིང་མའི་ཆར་འབེབས་ཀྱི་གདམས་པ་རྣམས་ལ་སྐྱུག་བྲོ་བའི་རྣམ་པ་ལ། ཆར་རྡོ་བཞག་པའི་འབེབས་ཐབས་གཙིགས་ཆེ་བའི་མན་ངག་ཏུ་མཛད་པའང་འགལ་བ་ལྟར་འདུག་སྟེ། རྡོ་བཞག་པའི་འབེབས་ལུགས་དེ་ཐོ་གར་ཞེས་པ་ཀླ་ཀློའི་ལུགས་ཡིན་པས་སོ།། རྡོ་བཞག་ནས་འདོན་རྒྱུའི་སྔགས་རྣམས་ཀྱང་ཀླ་ཀློའི་སྐད་ཀྱིས་ཁོ་རང་ཚོའི་ཕ་མེས་རྣམས་ཀྱི་མིང་ནས་སྨོས་ཏེ་འོ་དོད་འབོད་པའི་ཚིག་ཤ་སྟག་ཡིན་ལ། རྡོ་གསོ་བའི་སྐབས་སུ་སེམས་ཅན་བྱེ་བྲག་པ་ཞིག་ཁར་བཅུག་ནས་མཚོན་སོགས་ཀྱིས་བསད་དེ། རྡོ་ཁར་བཟུང་བཞིན་དུ་དབུགས་འགྲོ་བ་བྱས་ན་རྡོ་དེ་སྟོབས་ཆེ་བར་འདོད་པས། སྡིག་ལས་དང་འབྲེལ་བའི་ཀླ་ཀློའི་ཆོས་ལུགས་ལས་ནང་བ་སངས་རྒྱས་པའི་སྔགས་པ་དང་རྙིང་མའི་ཆོས་མི་ལེགས་སམ།
༈ཡང་ཀེ་ཏ་ཀར། གསེར་འོད་གཡང་སྐྱོབ་ཏུ་བོན་སྐད་དང་བོད་འབྲོག་གི་གཏམ་སྣ་ཚོགས་མཆིས་གསུངས་མོད། སྤྱིར་གཡང་ཞེས་པའི་བརྡ་ཆད་རྒྱུད་ལས་ཀྱང་གསུངས་ཏེ། རྡོ་རྗེ་རྩེ་མོ་ལས། མཆོག་དག་ནོར་དང་དཔལ་དང་གཡང་།། ཞེས་གསུངས། གསེར་འོད་གཡང་སྐྱོབ་ཀྱང་ཉམས་སུ་བླང་མི་རུང་བ་ཞིག་ནི་མིན་པར་སེམས་ཏེ། པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་འདི་བས་མཛད་པའི་གཡང་འགུགས་ཀྱི་ཆོ་གར་རྟེན་གྱི་གཡས་སུ་གསེར་འོད་གཡང་སྐྱོབ་ཀྱི་གླེགས་བམ་བཞུགས་སུ་གསོལ། ཞེས་དང་། གསེར་འོད་གཡང་སྐྱོབ་ལས་འབྱུང་བའི་གཡང་རྫས་སྣ་ཚོགས་པར་བྱས་ལ། ཞེས་གསུངས་ཤིང་། ལྕང་སྐྱ་ཐམས་ཅད་མཁྱེན་པ་སྐུ་གོང་མའི་དངོས་སློབ་དང་སྐུ་འདི་བའི་ཡོངས་འཛིན་དུ་གྱུར་པ་བཀའ་ཆེན་ངག་དབང་མཆོག་ལྡན་དང་། ཁྲི་ཆེན་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་སོགས་རང་ཕྱོགས་ཀྱི་དམ་པ་མང་པོས་ཀྱང་གསེར་འོད་གཡང་སྐྱོབ་ཀྱི་ལྷན་ཐབས་སོགས་མཛད་འདུག་པས་སོ།།
༈ཡང་ཀེ་ཏ་ཀར། ཚོགས་བདག་གི་གཟུངས་ཞེས་པའི་གཤམ་དུ་ཀླུ་སྒྲུབ་ཀྱིས་ཚོགས་བདག་མཆོད་པས་ཆོས་ཉིད་མངོན་སུམ་སྤྱན་གྱིས་གཟིགས་སོ་ཟེར་བ་མིག་དབང་གིས་མཐོང་བར་བསྙད་པས་ཐོས་ཉུང་སྒྲ་འཛིན་དུ་སྙན། ཞེས་པས། སྤྱན་དང་མིག་དབང་དོན་གཅིག་པར་རིགས་སྨྲ་ལ་མ་གྲགས་པར་མ་ཟད་ཕ་རོལ་པོས་ཀྱང་ཁས་བླངས་མི་འདུག་པས་ཐུབ་ཚོད་ཀྱི་གསུང་ཕེབས་པ་ཡིན་འདུག་སྙམ་མོ།།
༈ཡང་ཀེ་ཏ་ཀར། ཐོད་སྐམ་ལྟག་སྤྲོད་ཀྱི་རྩིགས་པ་ལ་ཁུ་ཁྲག་གི་འདམ་གྱིས་བརྩིགས་པའི་སྐུ་མཁར་དུ་བཞུགས་པར་གྲགས་པའི་རྟ་མགྲིན་ཡང་གསང་ཁྲོས་པ་ཞེས་པའི་རང་རེ་དགེ་ལྡན་པའི་དམ་པ་ལ་ལས་ཀྱང་ཞུ་བ་པོའི་ངོ་བཟློག་མ་ནུས་པར་གནང་བ་ཡོད་ལ། དེ་ཉིད་རྒྱུད་རྟ་མཆོག་རོལ་པ་ཁུངས་སུ་བྱས་སམ་གང་ལྟར་ཕལ་ཆེར་གྱིས་ཐེ་ཚོམ་བྱེད་ཅིང་། ཆག་ལོ་ཙཱ་པས་རྟ་མཆོག་པདྨ་གར་དབང་དང་རྟ་མཆོག་རོལ་པ་མུ་སྟེགས་པའི་ལྷ་ཁང་ན་སྣང་གསུངས་ལ། མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་གིས་ཀྱང་མགོན་ཆོག་ནམཟུར་གྱིས་དགག་པར་མཛད་དོ། །
ཞེས་པ་ལ། ཡང་གསང་ལ་སྒོས་རྒྱུད་ཀྱང་ཡོད་ལ། སློབ་དཔོན་ཆེན་པོས་ཁྲི་སྲོང་ལྡེའུ་བཙན་ལ་གནང་ཞིང་ཡེར་པར་གཏེར་དུ་སྦས་པ་གཏེར་སྟོན་གསུམ་གྱིས་བཏོན་ཀྱང་དབང་ལུང་གི་རྒྱུན་ཆད་པ། དུས་ཕྱིས་སློབ་དཔོན་ཆེན་པོ་ཞང་ཚེས་ཟླ་གྲགས་བྱ་བར་སྤྲུལ་ནས་གྲུབ་ཐོབ་འདར་འཕྱར་ལ་དབང་ལུང་དང་བཅས་གནང་སྟེ་བསྒྲུབས་པས་དངོས་གྲུབ་བརྙེས། མུད་སྲད་པ། གནས་རྙིང་པ། ཚར་ཆེན་ཡབ་སྲས་སོགས་མཁས་གྲུབ་མང་པོས་ཐུགས་དམ་གཙོ་བོར་མཛད་ཅིང་ཡིག་སྣའང་མང་དུ་མཛད། འཇམ་དབྱངས་ཆོས་རྗེའི་དངོས་སློབ་ཀུན་མཁྱེན་པར་གྲགས་པ་བློ་གྲོས་རིན་ཆེན་སེང་གེ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་སོགས་རང་ཕྱོགས་ཀྱི་མཁས་གྲུབ་ཉི་ཟླ་ལྟར་གྲགས་པ་དུ་མས་ཀྱང་ཐུགས་དམ་མཛད་ཅིང་འཆད་སྤེལ་དང་ཡིག་འཇོག་མཛད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་ལ་རྟ་མགྲིན་ཡང་གསང་གི་དབང་གསན་ནས་སྒྲུབ་ཐབས་མཛད་ཅིང་། དེ་ལྟར་བསྒྲུབས་པའི་དགེ་ཚོགས་ཟླ་ཟེར་ལྟར།། མཆོག་ཏུ་དཀར་བ་ཇི་སྙེད་བསགས་པ་དེས།།ཁྲོ་རྒྱལ་ཡང་གསང་ཁྲོས་པའི་སྐུར་གྱུར་ནས།། འགྲོ་ཀུན་དེ་ཡི་ས་ལ་འགོད་པར་ཤོག། ཅེས་སྨོན་ལས་མཛད་འདུག ། མཁས་གྲུབ་མང་པོས་ཡིག་ཆ་དེ་ཙམ་མཛད་པ་ཐམས་ཅད་ཞུ་བ་པོ་དབང་ཆེ་དྲགས་པས་མི་བཞེད་བཞིན་བརྩམས་པར་མཛད་པ་ག་ལ་ཡིན། སྐྱེས་བུ་དམ་པ་དེ་རྣམས་ནི་དེང་སང་གི་འགྲོ་འདྲེན་དུ་རློམ་པ་འགའ་ཞིག་བཞིན་དུ་ཚེ་འདིའི་འདོད་པ་ཕྲ་མོ་རེ་ཙམ་དང་དམ་པའི་ཆོས་བརྗེ་ཚོང་བྱེད་མཁན་མ་ཡིན་པས་སོ།། ཉིད་ཀྱི་གསུང་ལྟར་ན་དམ་པ་ཚད་ལྡན་དེ་རྣམས་ཀྱིས་གཞན་དག་གི་ངོ་སྲུང་གི་ཆེད་དུ་ལོག་ཆོས་བརྩམས་ཤིང་སྨོན་གནས་མ་ཡིན་པ་ལ་སྨོན་པར་མཛད་པར་སོང་བས་ཡུལ་ཁྱད་པར་ཅན་ལ་སྐུར་འདེབས་སུ་འགྲོ་བར་དོགས་སོ།།
མཁས་གྲུབ་དུ་མའི་འབྱུང་གནས་སེ་ར་བྱེས་གྲྭ་ཚང་དུའང་ཀུན་མཁྱེན་པ་ཉིད་ནས་ད་ལྟའི་བར་དུ་ཡི་དམ་གྱི་ལྷ་ཁྱད་པར་ཅན་དུ་མཛད་ནས་གཏོར་སྒྲུབ་སོགས་ཀྱི་ཕྱག་ལེན་མ་ཉམས་པར་བཞུགས། ས་དགེའི་མཁས་གྲུབ་དེ་ག་ཙམ་གྱིས་ཐུགས་རྟོག་མ་ཞུགས་པ་ལ། ད་ལྟའི་ཅོང་ཆུང་འགའ་ཞིག་གིས་ཐེ་ཚོམ་བྱས་ཀྱང་དོན་ཆུང་། སྤྱིར་ཡང་སྔོན་གྱི་ཆོས་ལོག་སུན་འབྱིན་དུ་གྲགས་པའི་ཡི་གེ་རྣམས་ལ་བློ་གཟུ་བོས་ཞིབ་ཏུ་དཔྱད་ན་ཐུབ་ཚོད་མཛད་པ་མང་དུ་འདུག རྟ་མཆོག་པདྨ་གར་དབང་དང་། རྟ་མཆོག་རོལ་པ་མུ་སྟེགས་ཀྱི་ལྷ་ཁང་ན་སྣང་ཟེར་མཁན་དེས། རང་གི་ཚིག་གིས་རང་ཉིད་བླུན་པོར་བསྒྲུབས་འདུག་སྟེ། པདྨ་གར་དབང་ཞེས་པ་འོད་དཔག་མེད་ལའང་འཇུག རྟ་མཆོག་རོལ་པ་ཞེས་པ་རྟ་མགྲིན་སྤྱིའི་མཚན་ཡིན་པས། སྤྱི་དང་བྱེ་བྲག་གི་རྣམ་དབྱེ་མ་ཕྱེད་པར་སྣང་བས་སོ།། ཆག་ལོ་ཙྭ་བ་མཁས་པ་ཆེན་པོ་ཡིན་པས་དེ་ལྟ་བུའི་བླུན་གཏམ་ག་ལ་གསུངས་དེས་ན་འདི་ཡང་བླུན་པོ་ཆགས་སྡང་ཅན་ཞིག་གིས་བརྩམས་ནས་ཆག་ལོ་ལ་ཁ་གཡར་བ་འདྲའོ།། གལ་ཏེ་མུ་སྟེགས་ཀྱི་ལྷ་ཁང་ན་ཡོད་སྲིད་ཀྱང་དེ་ན་ཡོད་པས་མུ་སྟེགས་ཀྱི་ལྷ་ཡིན་མི་དགོས་ཏེ། མུ་སྟེགས་པ་ཚོས་མི་འདོད་བཞིན་དུ་ནང་པའི་ལྷ་ཁོ་རང་ཚོའི་ལྷའི་མགོ་ཐོག་ཏུ་འཇོག་དགོས་བྱུང་བའི་ལོ་རྒྱུས་ཀྱང་རྒྱ་གར་ཆོས་འབྱུང་སོགས་ན་ཡོད། ཚོགས་བདག་དབྱངས་ཅན་མ་ལྟ་བུ་ཕྱི་ནང་ཐམས་ཅད་ཀྱིས་ལྷར་བྱེད་པ་ཡང་དུ་མ་ཡོད། ཟེར་ཚད་ཀྱི་ཁ་ལ་ཉན་རྒྱུ་ཡིན་ན། མ་མོའི་རྒྱུད་ལུང་དཀྲུགས་པ་ལས། ག་ཡ་ངྷ་རའི་གསེར་ཆོས་བྱུང་། ཞེས་ལམ་འབྲས་ལ་སྐུར་བ་བཏབ་པ་དང་། ཕ་དམ་པའི་ཞི་བྱེད་དང་གཅོད་རྣམས་ཆོས་ལོག་ཡིན། མ་ཅིག་ལབ་སྒྲོན་བདུད་ཀྱི་སྤྲུལ་བ་ཡིན་ཟེར་མཁན་ཡང་བྱུང་འདུག རྗེ་རེད་མདའ་བ་སོགས་ཀྱིས་དུས་འཁོར་ཡང་ཆོས་རྣམ་དག་མ་ཡིན་པར་གསུངས་ཏེ། དེ་ཉིད་ཀྱིས་བསྟན་འཛིན་རྣམས་ལ་ཕྲིན་དུ་གསོལ་བ་ལས། དུས་ཀྱི་འཁོར་ལོ་ལ་སོགས་ས་བཅུ་ཡི།། དབང་ཕྱུག་རྣམས་ཀྱིས་མཛད་པར་གྲགས་ན་ཡང་།། རིགས་དང་མི་རིགས་རྣམ་དབྱེ་བློ་ལྡན་གྱིས།། རྣམ་པར་དཔྱད་ན་འཐད་པའི་ཚུལ་མ་མཐོང་།། རྩ་བའི་རྒྱུད་ལ་ཨེ་ལྭཾ་ཡིག་གཉིས་མེད།། བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང་།། གང་གིས་བླངས་པའི་ཁུངས་ཀྱང་མི་སྣང་ན།། འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན།། ཞེས་སོགས་དང་། དེ་ལྟར་ཉེས་པའི་ཚོགས་ཀུན་མཐོང་གྱུར་ཀྱང་།། ད་དུང་འདི་ལ་མངོན་ཞེན་མི་ལྡོག་ན།། འདི་ཡི་སྒྲུབ་བྱེད་དོན་དུ་མནའ་ཆུ་འཐུང་།། དེ་ལས་གཞན་པའི་སྒྲུབ་བྱེད་ཡོད་རེ་སྐན།། ཞེས་སོགས་གསུངས། གཞན་ཡང་བཅོམ་ལྡན་རལ་གྲི་སོགས་མང་བོ་ཞིག་གིས་བཀག་པ་བྱས་འདུག་བཀའ་གདམས་གོང་མ་འགའ་ཞིག་གིས་སྔགས་ལམ་ལ་འཇུག་པ་ནན་ཏན་གྱིས་བཀག་པ་ལ། རྗེེ་བླ་མས་རྟོགས་བརྗོད་མདུན་ལེགས་མར། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ།། ཞེས་པ་ནས། འདི་འདྲ་འདི་ཡང་ཤེས་རབ་ཅན་ཡིན་ན།། དེ་ལས་གཞན་པའི་དབང་བོ་རྟུལ་པོ་གང་།། ཤིན་ཏུ་འཕྲད་དཀའ་གོང་ན་མེད་པའི་ལམ།། འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར།། ཞེས་གསུངས་ཤིང་། རྗེ་བླ་མ་ལ་ཡང་དགག་པ་གཏོང་མཁན་དང་། རྗེས་ཞལ་གཟིགས་པའི་འཇམ་དབྱངས་བདུད་ཀྱི་ཆོ་འཕྲུལ་ཡིན། མགོན་པོ་ཕྱག་དྲུག་པ་བོན་སྐྱོང་ཡིན་ཟེར་བ་སོགས་རྗེས་ཟློས་ཙམ་ཡང་ཞུ་མི་ནུས་པའི་སྐུར་ཞུ་བྱེད་མཁན་བྱུང་འདུག བཀའ་གདམས་པ་འགའ་ཞིག་གིས་གྲུབ་ཆེན་ནག་པོ་སྤྱོད་པ་ལ་ཡང་ཁ་སྨྲས་ངན་པ་བྱས་འདུག་ཅིང་། ཇོ་ནང་པའི་བླ་རྒན་འགའ་ཞིག་གིས་མགོན་པོ་ཀླུ་སྒྲུབ་ལ་ཡང་དགག་པ་བྱེད་ཁུལ་བྱས་འདུག་ན་གཞན་ལྟ་ཅི་སྨྲོས། རྟ་མགྲིན་ཡང་གསང་མཁས་གྲུབ་རྗེའི་གསུང་ན་ཟུར་ཙམ་ཡང་གླེང་བ་མ་མཐོང་ལགས།
ཡང་ཀེ་ཏ་ཀར། ལྷ་མོ་དམག་ཟོར་མ་ལྭ་བ་དམར་པོས་བོད་དུ་གདན་དྲངས་པར་སྔོན་ཞང་ཞུང་ན་གྲགས་ཆེ། ཕྱིས་རྒྱལ་བ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ། བསོད་ནམས་རྒྱ་མཚོས་རྒྱལ་མེ་ཏོག་ཐང་དུ་བསྟེན་པས་གྲགས་ཆེ་ལ། དེའི་བསྐང་གསོལ་སོགས་ཀྱི་ཁུངས་མེ་ལྕེ་འབར་བའི་རྒྱུད་ལས་བླངས་ཤིང་སྨན་རཀ་ཕུད་གསུམ་སོགས་རྙིང་མར་གྲགས་པ་སྣ་ཚོགས་ཡོད། ཅེས་གསུངས་པ་ལ། དཔལ་ལྷ་མོ་འདི་ཉིད་དབྱངས་ཅན་མ་དྲང་མོར་ཁྲོས་པ་རྡོ་རྗེ་རོ་ལངས་མ་དང་ངོ་བོ་གཅིག་པ་ནི། དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ།། གདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ཀྱང་།། ཞེས་དང་། ཕྱི་རོལ་ཉིད་དུ་དགྲ་བགེགས་གདུག་པའི་གཤེད།། ནང་དུ་བཅོམ་ལྡན་གཤིན་རྗེ་གཤེད་ཉིད་ལ།། ཟག་མེད་བདེ་བ་ཆེན་པོ་སྟེར་མཛད་མ།། ཞེས་སོགས་མང་དུ་གསུངས་པས་ཤེས་ལ། རྙིང་མའི་རྒྱུད་ཙམ་དུ་མ་ཟད་གསར་མའི་མདོ་རྒྱུད་རྩོད་མེད་མང་པོ་ལས་ཀྱང་གསུངས་ཏེ། གསེར་འོད་དམ་ཆེན་ལེའུ་བཅོ་ལྔ་པ་ལས། དབྱངས་ཅན་མ་ཞི་དྲག་གི་ཡོན་ཏན་ལས་བརྩམས་ཏེ་ཀུན་ཤེས་ཀྱིས་བསྟོད་པའི་སྐབས་སུ། གཡུལ་གྱི་ལས་ལ་རྟག་ཏུ་དགྱེས།། ཞེས་དང་། རྟག་ཏུ་དར་གོས་ནག་པོ་གྱོན།། མཛེས་དང་མི་མཛེས་སྣ་ཚོགས་སྟོན།། རེས་འགའ་ཆུ་དང་བྲག་ལ་གནས།། རེས་འགའ་རི་དང་ཕུག་ལ་གནས།། ཞེས་དང་། བྲག་ཕུག་གནས་པའི་མི་རྣམས་ཀྱིས།། རྨ་བྱའི་མདོངས་ལ་གདུགས་བྱས་ཏེ།། རྟག་ཏུ་ལྷ་མོ་ཁྱོད་མཆོད་ན།། ཞེས་སོགས་རྒྱས་པར་གསུངས། གཞན་ཡང་རྒྱུད་ཀྱི་ཁུངས་མང་ཡང་སྐབས་སུ་མ་བབས་པས་བཞག་གོ།།
ལྭ་བ་དམར་པོའི་ཨ་ཙརྱ་དམར་པོ་ལས་ལྕེ་འབྱུང་གནས་བཟང་པོ་སོགས་ལ་བརྒྱུད་པ་ཡིན་ནའང་། འདིའི་ལྭ་བ་དམར་པོ་ནི་པཎཌིཏ་གསང་བ་ཤེས་རབ་ཀྱི་མཚན་ཡིན་གྱི། བོད་དུ་ཆོག་ལོག་འགའ་ཞིག་དར་བར་བྱེད་མཁན་གྱི་ལྭ་བ་དམར་པོ་དང་མི་གཅིག་པས་དེས་ལྷ་མོའི་མཚང་བརྟོལ་རྒྱུ་ཅང་མེད་པ་འདྲ། བོད་དུ་ཞང་བའི་བླ་མ་རྣམས་དང་། བོ་དོང་ཨེའི་སྲུང་མ་མཛད་པ་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ནས་དགེ་ལྡན་པའི་སྲུང་མར་གྱུར་ཚུལ་ལས་ཞང་ནས་བྱུང་བའི་ལོ་རྒྱུས་མེད་དོ།། ཆོས་འཁོར་རྒྱལ་དུ་བསོད་ནམས་རྒྱ་མཚོ་ལས་སྔོན་དུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དུས་ནས་བསྟེན་པར་མཛད་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དུ་གསལ། མེ་ཏོག་ཐང་ཞེས་པ་ལུང་པའི་མིང་གཙུག་ལག་ཁང་གི་མིང་མིན་པ་འདྲ། སྨན་རཀ་ཕུད་གསུམ་མམ་སྨན་རཀ་གཏོར་གསུམ་ཞེས་པ་རྙིང་མའི་ལུགས་ཡིན་ནའང་། གསར་མའི་ཚོགས་འཁོར་སོགས་ཀྱི་ཆོ་ག་འགའ་ཞིག་ཏུའང་འབྱུང་ཞིང་། ཁྱད་པར་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་གསུང་མཁས་གྲུབ་རྗེས་དག་ཐེར་མཛད་པའི་མགོན་པོའི་གཏོར་ཆོག་ཏུ་བཀོད་པ་ལས་ཀྱང་། འབྲུ་བཅུད་ཆང་དང་རཀྟ་ཁྲག །མཱཾ་ས་ཤ་དང་རུས་པའི་ཚོགས། དམ་རྫས་གཏོར་མ་འདིར་མཆིས་ཀྱི། །ཞེས་སྨན་རཀ་གཏོར་ཚོགས་བཞི་དང་། གཏོར་མ་རི་ལ་རཀྟ་མཚོ། །བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ། །ཞེས་གཏོར་མ། རཀྟ། སྨན་གསུམ་འབྱུང་བས། དེ་དག་མི་རུང་བ་ཞིག་ཡིན་ན་མཁས་གྲུབ་རྗེས་དག་ཐེར་མཛད་པའི་སྐབས་འདོན་དགོས་རྒྱུ་ལ་མ་བཏོན་པར་མ་ཟད། བྱིན་རླབས་ཅན་འདི་ལྟ་བུ་བཞག་ནས་ཕྱིས་སྦྱོར་ལེགས་ལེགས་ལྟ་བུ་ལ་སྙིང་པོ་མེད་ཚུལ་ཁ་བྱང་དུ་གནང་འདུག་པའི་ཕྱིར་རོ། །དེར་མ་ཟད་བླ་མ་གོང་མའི་གསུང་འགའ་ཞིག་ཏུ། སྨན་རཀ་གཏོར་གསུམ་གྱིས་རྩ་གསུམ་ཁམས་དང་བཅས་པ་རྣམ་པར་དག་པ་མཚོན། ཞེས་གསུངས་པས། གཞི་ལ་རོ་མ་ནས་མེའི་རང་བཞིན་རཀྟ་དང་། རྐྱང་མ་ནས་ཆུའི་རང་བཞིན་ཁུ་བ་འབབ་ཅིང་། དབུ་མ་རླུང་གི་བྱེད་ལས་ཅན་ཡིན་ལ། སྨན་རཀ་གཉིས་ཀྱིས་ཁུ་ཁྲག་དང་། གཏོར་མས་རླུང་མཚོན་པས་གཞི་ལམ་འབྲས་གསུམ་གྱི་གནས་སྐབས་དང་སྦྱར་ནས་བཤད་པར་བྱ་བ་ཆེས་མང་ཡང་ཡིག་ཚོགས་ཆེ་དོགས་པས་མ་སྤྲོས་ཤིང་། མདོར་ན་སྦྱང་གཞི་ལུས་ངག་ཡིད་གསུམ་མམ་ཁུ་ཁྲག་རླུང་གསུམ་གྱིས་སྦྱང་བྱ་ཤིན་ཏུ་ཕྲ་བའི་བག་ཆགས་གསུམ་དང་། དུག་གསུམ་དང་སྒོ་གསུམ་གྱི་སྐྱོན་རྣམས་སྦྱོང་སྟེ། སྦྱོང་བྱེད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་མཐར་ཕྱིན་པ་དང་། སྦྱངས་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་འགྲུབ་པའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཆེད་དུ་སྨན་རཀ་གཏོར་མ་འབུལ་བ་ཡིན་པས་གནད་ཤིན་ཏུ་ཆེའོ། །གཏོར་མས་རླུང་ཇི་ལྟར་མཚོན་ན། རླུང་ནི་གཡོ་བའམ་གཏོར་བའི་བྱེད་ལས་ཅན་ཡིན་པས། གཏོར་མའི་མིང་ཟུར་གྱི་གཏོར་ཞེས་པའི་སྒྲས་ཀྱང་རླུང་མཚོན་པ་ཤེས་ནུས་ཤིང་། བ་ལིང་ངམ་བྷ་ལིང་ཞེས་པ་བྷ་ག་དང་ལིང་གའི་མིང་གིག་དང་པོ་ཡིན་པས། དྲང་ངེས་ཀྱི་བྷ་ལིང་དང་། ཧཱུཾ་ར་བའི་རླུང་གི་བཤད་པ་སྤྲོ་རྒྱུ་མང་དུ་མཆིས་ཀྱང་སྐབས་སུ་མ་བབས་པས་བཏང་སྙོམས་སུ་བཞག་གོ། །འདི་དག་ནི་དྲི་མ་མེད་པའི་རྒྱུད་སྡེའི་དགོངས་པ་ཡིན་པས་ཡིད་ཆེས་པའི་གནས་སུ་འོས་པར་སེམས་སོ། ། ༈ ཡང་ཀེ་ཏ་ཀར། རྒྱལ་དབང་ལྔ་པས་གནང་བའི་པེ་དེཀར་རྒྱལ་པོའི་གསོལ་མཆོད་རྡོ་རྗེའི་སྒྲ་དབྱངས་ཞེས་པ་དང་། འཇིག་རྟེན་མཆོད་བསྟོད་མ་གཉིས་རྙིང་མའི་འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་ལ་བརྟེན་པར་གསོལ་ཁའི་ཚིག་ནའང་གསལ་ལ། དེའི་སྔ་མར་དེང་སང་རྒྱལ་གསོལ་བྱེད་ཟེར་ནས་ར་ལུག་གསར་དུ་བསད་པའི་དོན་ལྔ་ཁྲག་སོགས་ཀྱིས་མཆོད་པས་སྡིག་ཆོས་སུ་བསྒྱུར་འདུག་ཀྱང་། བསམ་ཡས་པེ་དཀར་རྒྱལ་པོ་ནི་འཇིག་རྟེན་པའི་ལྷ་འདྲེ་ཡིན་ཀྱང་། ཞེས་གསུངས་པ་ལ། རྒྱལ་དབང་གིས་མཛད་པའི་རྒྱལ་གསོལ་ཆེ་ཆུང་བཅུ་ལྷག་ཙམ་ཡོད་པ་ལས། རྡོ་རྗེ་སྒྲ་དབྱངས་དང་བསམ་འཕེལ་དབང་རྒྱལ་སོགས་སློབ་དཔོན་རིན་པོ་ཆེས་མཛད་པའི་ཕྲིན་ལས་དོན་བཅུ་མའི་རྗེས་སུ་འབྲངས་པ་ལས། འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་ལ་བརྟེན་པའི་ཐ་སྙད་ཆེར་མེད། རྒྱལ་གསོལ་ལ་ཆེད་དུ་གཉེར་ནས་བསད་པའི་ཤ་ཁྲག་དགོས་པ་ཡིག་ཆ་རྣམས་སུ་ནི་མ་བཤད། ཡུལ་ལུགས་འགའ་ཞིག་ལ་རྒྱལ་གསོལ་ཙམ་དུ་མ་ཟད་རིམ་གྲོ་ཞིག་བྱེད་ཕྱིན་ནོར་ལུག་གསོད་དགོས་པར་བྱེད་པ་དང་། དེར་མ་ཟད་བླ་མ་ཞིག་གདན་འདྲེན་བྱེད་ན་ཡང་ནོར་ལུག་ཚོན་པོ་ཁ་ཤས་བསད་ནས་ཤའི་སྟོན་མོ་མ་བྱས་ན་ཡོན་མཆོད་ཐམས་ཅད་ཐུགས་སེམས་མི་ཁེངས་པར་སྣང་བས། ཆེད་དུ་གཉེར་ནས་བསད་པའི་ཤ་ཁྲག་གིས་ལྷ་འདྲེ་མི་གསུམ་སུ་མཆོད་ཀྱང་སྲོག་གཅོད་ཀྱི་ལས་དང་འབྲེལ་བའི་སྡིག་ཆོས་སུ་འགྲོ་བ་ལ་ཁྱད་པར་ཆེར་མེད་པར་སེམས། དེ་བས་ན་གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གཉིས་པ་ལས། ཧོར་སོག་འདི་དག་ཤ་ཁྲག་ལ་ལོངས་སྤྱོད་པའི་སྟབས་མཐོ་རིས་སུ་སྐྱེ་དཀའ་བ་འདྲ་ཞིག་འདུག་རུང་། སྐྱེ་གསལ་ལྷ་མིའི་ཡང་སྲིད་བཟུང་བ་མང་ཙམ་འོངས་འདུག་པ་དཀོན་མཆོག་ལ་མི་ཕྱེད་པའི་དད་པ་བརྟན་པའི་མཐུ་ཡིན་ནམ་སྙམ་ཞེས་གསུངས་པ་དང་། རྒྱལ་སྲས་ཐོགས་མེད་པས། ཐོག་མེད་དུས་ནས་གཉེར་གྱུར་འགྲོ་བ་རྣམས། །ལས་ཀྱིས་ཤི་ནའང་མཆི་མ་དབྱུང་རིགས་ན། །དེ་དག་ཤ་ཡི་ཆེད་དུ་བསད་པའི་ཤ། །བཟའ་བར་རིགས་པ་མིན་ནོ་ཤེས་རབ་གྲུ། །ཅེས་དང་། རྗེ་བླ་མ་ལྕང་སྐྱ་རིན་པོ་ཆེས། རང་ལ་བསྙེན་བཀུར་ཆེད་དུ་སྲོག་བཅད་པའི། །སེམས་ཅན་ཤ་ཁྲག་རུས་གསུམ་སྤུངས་དཀྱིལ་དུ། །གྲི་ཕྱར་མཆིལ་མིད་ཆེས་ཆེར་རིངས་ཤིང་རྔམས། །སྲུང་ཚོགས་དགྲ་བགེག་འདུལ་ལ་ཆས་འདྲ་བའི། །དགེ་འདུན་གཟུགས་བརྙན་རྣམས་ལ་ཐུགས་རྗེས་གཟིགས། །ཞེས་གསུངས་ལ། གདེང་ཚད་དང་མི་ལྡན་པའི་མཐའ་འཁོབ་ཀྱི་འགྲོ་འདྲེན་རྣམས་ཅུང་ཟད་ཐུགས་དགོངས་མཛད་དགོས་རྒྱུར་འདུག་ཀྱང་། རྗེ་བླ་མ་ཉིད་ལྟ་བུ་རེ་གཉིས་མ་གཏོརགས་ཕལ་མོ་ཆེས་ཤའི་བཟང་ངན་ལས་དགེ་སྡིག་ལ་རྟོག་དཔྱོད་མི་མཛད་པར་འདུག་གོ །དགོན་ཆེ་ཆུང་འགའ་ན་ཉིད་རང་གིས་ལྕགས་མཁར་གྱི་ལག་ལེན་བཙུགས་པ་ཚོར་རྒྱུ་མའི་ལྡ་ལྡི་དང་གཏོར་མ་ལ་བྱུགས་རྒྱུའི་བསད་ཁྲག་དྲོན་མོ་དགོས་ཟེར་ནས་ལུག་ནག་རེ་སྒྲུབ་ཁང་དུ་གསོད་པའི་ཕྱག་ལེན་འདུག་པས། ཅིག་ཤོས་ལ་དགེ་སྡིག་གི་ཁྱད་ཡོད་པ་མིན་ལས་ཆེ། པེ་དཀར་རྒྱལ་པོ་ནི་འཇིག་རྟེན་པའི་ལྷ་འདྲེ་ཡིན་ཀྱང་། ཞེས་པ་ལ། པེ་དཀར་སྐུ་ལྔ་ནི་འཇིག་རྟེན་པ་ཡང་མིན་ལ། གལ་ཏེ་ཡིན་དུ་ཆུག་ཀྱང་ལྷ་འདྲེ་མིན་ཏེ། དེ་གཉིས་ཀ་ཡིན་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། །དེས་ན་པེ་དཀར་ལྷ་འདྲེ་ཡིན་ཞེས་པ་རབ་འབྱོར་ཉན་རང་ཡིན་ཞེས་པ་དང་མཚུངས་སོ། །ཆོས་སྐྱོང་རྒྱལ་པོ་སྐུ་ལྔ་ནི་མངའ་རིས་པདྨ་དབང་ཆེན་གྱིས། རིགས་ལྔའི་རང་རྩལ་རྒྱལ་ཆེན་སྐུ་ལྔ་དང་། །སྤྱན་མ་ལ་སོགས་རང་གདངས་ཡུམ་ལྔ་དང་། །སེམས་དཔའ་སེམས་མ་ཡུལ་དྲུག་ངོ་བོ་ཉིད། །ནང་བློན་ཤར་གྲོལ་གྱིས་གྲོལ་ཕྱི་བློན་ཚོགས། །ཞེས་གསུངས་ཤིང་། རིགས་ལྔའི་ཡེ་ཤེས་ཀྱི་རང་གཟུགས་སུ་དགེ་ལྡན་པའི་དམ་པ་མང་པོས་ཀྱང་གསུངས་ཏེ། རྒྱལ་བ་དགེ་འདུན་རྒྱ་མཚོས། བཀའ་སྲུང་ཆོས་ཀྱི་རྒྱལ་པོ་སྐུ་ལྔ་པོ། །ཕུང་པོ་རྣམ་ལྔ་གདོད་ནས་རྣམ་དག་ཅིང་། །དུག་ལྔའི་ཉོན་མོངས་དྲི་མ་སྦྱངས་པ་ལས། །ཡེ་ཤེས་ལྔ་ཡི་ངོ་བོར་མོས་ཕྱག་འཚལ། །ཞེས་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོས་ཀྱང་། ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པ་ལྔའི། །རང་མདངས་མ་འགག་དྲེགས་པའི་སྡེ་དཔོན་དུ། །དབང་བསྒྱུར་སྐུ་ལྔ་ཞེས་གསུངས་པ་ལྟ་བུ་མང་། རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དུ། བསམ་ཡས་རྒྱལ་པོ་སངས་རྒྱས་སུ་ལུང་རིགས་ཀྱིས་བསྒྲུབས་ནས་གསུངས། གང་ལྟར་ཡང་སྐུ་ལྔ་ཞེས་པ་རྟག་བརྟན་ཐེར་ཟུག་ཅིག་མིན་པས། སེམས་ཅན་རང་གི་ལས་སྣང་མ་དག་པའི་སྐབས་སུ་ནང་གི་དུག་ལྔའི་མདངས་ལ་ཕྱི་རོལ་ཏུ་དྲེགས་པ་གདུག་རྩུབ་ཅན་སྡེ་ལྔའི་རྣམ་པར་ཤར། ལས་སྣང་དག་པའི་སྐབས་སུ་རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ཡེ་ཤེས་ཀྱི་རྒྱལ་པོ་སྡེ་ལྔར་ཤར་བ་དང་། སྤྲུལ་སྐུ་རྒྱལ་བ་རིགས་ལྔ་འཁོར་བཅས་ཀྱི་རྣམ་པར་ཤར། ཤིན་ཏུ་རྣམ་དག་གི་སྐབས་འོག་མིན་དུ་ཡེ་ཤེས་ལྔའི་རང་གཟུགས་རིགས་ལྔ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པས། མཐའ་གཅིག་ཏུ་གུ་དོགས་མི་དགོས་སམ་སྙམ་ལགས། ཐ་མལ་གྱི་སྐྱེ་བརྒྱུད་དང་མཐུན་པའི་ལོ་རྒྱུས་ཀྱང་ཡོད་ཅིང་། ལྕང་སྐྱ་ཐམས་ཅད་མཁྱེན་པས་སྐྱ་སེང་བུ་ལྔ་ཡིན་པ་འདྲ་ཞེས་གསུངས། འདིར་འཕྲོས་དོན་ཅུང་ཟད་གསོལ་ན། རྒྱལ་གསོལ་འཇིག་རྟེན་མཆོད་བསྟོད་མ་དགོན་ལུང་གི་ཚོགས་འདོན་གྱི་སྐབས་སུ་ཉིད་ཀྱིས་ལྗགས་བཀོད་མཚད་པ་བཞིན། འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་གྲུ་འཛིན་པ། །ཞེས་པ། ཤཱཀྱང་སེང་གེའི་བསྟན་པ་སྲུང་མཛད་པ། །ཞེས་བསྒྱུར་ནས་འདོན་པ་དང་། འཇིག་རྟེན་མཆོད་བསྟོད་ནི་རྙིང་མའི་ཡི་དམ་དང་། རྒྱལ་པོ་སྐུ་ལྔ་རྙིང་མའི་ཆོས་སྐྱོང་ཡིན་པ་ལ། ཡི་དམ་གྱི་མིང་ཙམ་ལ་ཡང་སྒྱུག་བྲོ་བྱེད་ཅིང་། དེའི་བཀའ་སྲུང་ལ་གསོལ་མཆོད་པ་དགལ་བར་སེམས། པདྨ་ཐོད་ཕྲེང་སོ་ཟུར་གནུབས་ཉང་ཚོགས། །ཞེས་པ། པདྨ་འབྱུང་གནས་བློ་བཟང་གྲགས་པ་སོགས། །ཞེས་བསྒྱུར་ནས་འདོན་པ་ཡང་མི་ལེགས་ཏེ། རྗེ་རིན་པོ་ཆེས་སྐུ་ལྔ་དམ་ལ་བཏགས་པའི་ལོ་རྒྱུས་མེད་པའི་ཕྱིར་དང་། དེ་ལྟ་ན། ཁྲག་འཐུང་དཀྱིལ་འཁོར་དུ། ཞེས་པའང་བསྒྱུར་དགོས་པ་ལ་དེ་སོར་བཞག་འདོན་གྱིན་འདུག་པས་སོ། །ཁྲག་འཐུང་གི་མཚན་བདེ་མཆོག་ལ་ཡང་འཇུག་མོད། སློབ་དཔོན་པདྨ་དང་རྗེ་རིན་པོ་ཆེ་གཉིས་ཀྱིས་བདེ་མཆོག་གི་དཀྱིལ་འཁོར་དུ་པེ་དཀར་དབང་བསྐུར་ཏེ་དམ་ལ་བཏགས་པ་སུ་ལ་ཡང་མ་གྲགས་པས། འདིའི་ཁྲ་འཐུང་གི་དཀྱིལ་འཁོར་ནི་རྙིང་མའི་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ལས་འོས་མེད་ལ། རྗེ་རིན་པོ་ཆེས་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་པེ་དཀར་དབང་བསྐུར་ཏེ་དམ་ལ་བཞལ་པ་ཡིན་ན། བཀའ་བརྒྱད་འདི་རྗེ་རིན་པོ་ཆེས་ཀྱང་ཉམས་བཞེས་མཛད་པ་ཡིན་འདུག་པས། རང་རེ་དགེ་ལུགས་པར་ཞལ་གྱིས་འཆས་སོ་ཅོག་དེ་ལ་སྨོད་མི་རིགས་སོ། །བསྟན་འཛིན་སྐྱེས་བུ་བླ་མཆོད་སྡེ་གཉིས་སྤེལ། །ཞེས་པ་ཡང་། བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་སྤེལ། །ཞེས་བསྒྱུར་གྱིན་འདུག་ཀྱང་། མཆོད་གནས་སྡེ་གཉིས་ནི་ངུར་སྨྲིག་འཆང་བའི་སྡེ་དང་། གོས་དཀར་འཆང་བའི་སྡེ་གཉིས་ལ་ཟེར་ཞིང་། དེ་གཉིས་ལ་བླ་མཆོད་སྟེ་གཉིས་ཟེར་བའི་རྒྱུ་མཚན་ཆོས་རྒྱལ་ཁྲི་རལ་གྱིས་སྡེ་དེ་གཉིས་དབུ་རལ་འདིང་བའི་བླ་མཆོད་དུ་མཛད་པས་དེ་ལྟར་གྲགས་ལ། སྡེ་དེ་གཉིས་ལས་སྔ་མ་ནི་སྨོས་མི་དགོས་ཤིང་། ཕྱི་མ་ལ་ཡང་། མར་མི་དང་། རས་ཆུང་བ། གླིང་རས་པ་སོགས་དང་། དེ་དག་གི་རྗེས་སུ་ཞུགས་པའི་རས་པའི་ཚོགས་རྣམས་དང་། དཔལ་ལྡན་ས་སྐྱའི་དཀར་པོ་རྣམ་གསུམ་དང་། དེའི་རྗེས་འབྲངས་སྔགས་འཆང་དཀར་ཆས་ཅན་མང་དུ་བྱོན་པ་ཐམས་ཅད་གོས་དཀར་ཅན་གྱི་སྡེ་ཡིན་ལ། གཞན་ཡང་འབྲོམ་སྟོན་པ་དང་། རྟ་ནག་འགོས་ལ་སོགས་པ་ཚད་ལྡན་གྱི་མཁས་གྲུབ་དཀར་ཆས་སུ་བཞུགས་པ་མང་ཞིང་། རྗེ་རིན་པོ་ཆེའི་དངོས་སློབ་ཀྱི་གྲས་སུ་ཡང་རྣལ་འབྱོར་བ་འོད་དཔག་རྡོ་རྗེ་སོགས་དཀར་ཆས་ཅན་ཡོད་ལ། ཆ་ལུགས་དེ་ལྟ་བུར་བྱེད་པ་ནི། ལེགས་གྲུབ་ཀྱི་རྒྱུད་ལས། ཉལ་དང་ཁྲུས་བྱེད་མ་གཏོགས་པ། །སྔགས་པས་མཐང་གོས་སྤང་མི་བྱ། །དཀར་ལ་ཤིན་ཏུ་འཇམ་པ་སྟེ། ཉིན་རེ་བཞིན་དུ་བཀྲུ་བར་བྱ། །ཞེས་གསུངས་པ་དང་མཐུན་པས། གོས་དཀར་ཅན་གྱི་སྡེ་དང་ངུར་སྨིག་འཆང་བའི་སྡེ་གཉིས་ཀ་བསྟན་འཛིན་གྱི་སྐྱེས་བུ་ཡིན་པ་ཆ་མཉམ་ཡིན་ནོ། །དེས་ན་ཚིག་དེ་སྒྲ་ཇི་བཞིན་དུ་བཏོན་པ་ལ་ཉེས་པ་རྣམ་མཁྱེན་གྱིས་བཙལ་ཀྱང་མི་རྙེད་དོ། །གངས་ལྗོངས་ཡུལ་འདིར་ཞེས་པ། འཇིག་རྟེན་ཁམས་འདིར་ཞེས་བསྒྱུར་ནས་འདོན་པ་ནི། གངས་ལྗོངས་ཞེས་པ་དབུས་ཀྱི་ལུང་པ་ཁོ་ན་ལ་ངོས་བཟུང་ནས། མདོ་ཁམས་སུ་དེ་ལྟར་བཏོན་ན་མི་འགྲིགས་པར་བསམ་པ་ཡིན་འདུག་པས། དེ་ལྟ་ན། དགའ་བའི་དཔལ་ལྡན་སྡེ་བཞིའི་ཕོ་བྲང་ཆེར། །ཞེས་པའང་འདོར་དགོས་ཏེ། དེ་ནི་གཞུང་ས་དགའ་ལྡན་ཕོ་བྲང་གི་མཚན་སྒྲ་ཡིན་པས་སོ། །ཚིག་བསྒྱུར་འདི་འདྲ་ནི་ངེས་པར་དབང་གཞུའི་སྙིང་པོ་དང་མཚུངས་སོ། །ཡང་རྟེན་འབྲེལ་བསྟོད་པའི། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །ཅེས་པ། རྒྱལ་བའི་གསུང་ལ་གུས་པ་མི་དམན་ཞིང་། །རྣལ་འབྱོར་སྤྱོད་ལ་བརྩོན་པ་བདག་གིས་ནི། །ཞེས་བསྒྱུར་ནས་འདོན་པ་ཅོལ་ཆུང་བས་སེམས་ཏེ། སྐབས་འདིར་གུས་པ་བྱེད་མཁན་རྗེ་བླ་མ་ལ་གོ་བར་བྱེད་དགོས་ཀྱི་བསྟོད་པ་འདོན་མཁན་རང་ཉིད་ལ་བྱེད་པ་མ་ཡིན་པའི་ཕྱིར། རང་ཉིད་ལ་བྱེད་ན་རྣལ་འབྱོར་ལ་བརྩོན་པ་ཞེས་པ་ཡང་བསྒྱུར་དགོས་ཏེ། རྣལ་འབྱོར་པ་ནི་ཞི་ལྷག་ཟུང་འབྲེལ་དང་ལྡན་པ་ལ་བྱེད་དགོས་པས་རང་ཉིད་དེ་དང་ལྡན་པར་ཁས་བླངས་སོང་བའི་ཕྱིར། དེ་ལ་སྐྱོན་མེད་ན། སྦྱངས་པ་མི་དམན་ཞིང་། །ཞེས་པའང་བསྒྱུར་མི་དགོས་ཏེ། འདི་བསྒྱུར་བའི་བློ་རྩེ་ནི་སྦྱངས་པ་མི་དམན་པར་བྱས་ན་ཁས་བླང་ཆེ་བར་འགྱུར་རོ་སྙམ་ནས། གུས་པ་ཞེས་ཁེངས་བསྐྱུངས་པའི་ལུགས་སུ་བྱས་པ་ཡན་འདུག་པས་སོ། །བློ་རྩེ་དེ་ལྟར་ཡིན་འདུག་ནའང་། སྦྱངས་པ་ལུང་གི་ཡོན་ཏན་དང་། གུས་པ་ནི་དེ་ལ་བརྟེན་ནས་འབྱུང་བའི་རྟོགས་པའི་ཡོན་ཏན་ཡིན་པས། ལུང་གི་ཡོན་ཏན་ལྡན་པ་ལ་ཁེངས་བསྐྱུངས་ནས་རྟོགས་པའི་ཡོན་ཏན་དང་ལྡན་པར་ཁས་འཆེ་བ་བཞད་གད་ཀྱི་གནས་སོ། །སྤྱོད་འཇུག་སྨོན་ལམ་གྱི། འཇུག་པ་རྣམ་པར་བརྩམས་པ་ཡི། །ཞེས་པ་ཡང་། བསླབ་པར་བྱ་ཕྱིར་འབད་པ་ཡི། །ཞེས་བསྒྱུར་འདུག་པ། བརྩམས་ཞེས་སློབ་དཔོན་ཞི་བ་ལྷ་ལ་བསམ་ནས་བཏོན་ཆོག་མོད། གལ་ཏེ་འདོན་མཁན་རང་ལ་བྱེད་ཀྱང་། བྱ་བ་དེ་བྱས་པ་ལ་བྱ་བ་དེ་བརྩམས་པའི་སྒྲ་འཇུག་པས། བརྩམས་ཟེར་ཚད་བསྟན་བཅོས་བརྩམས་པ་ལ་བྱེད་མི་དགོས་སོ། །ཚིག་འདི་འདྲ་ཐམས་ཅད་བསྒྱུར་རྒྱུ་ཡིན་ན། བསྟན་འབར་མའི། །ངས་སྔོན། བདག་སྔོན། བདག་གི བདག་བསྟན་ཞེས་པ་ཐམས་ཅད་བསྒྱུར་དགོས་ཤིང་། དེ་འདྲ་གཞན་ཡང་མང་བས་ཐུགས་ངལ་ཧ་ཅང་ཆེ་བར་འགྱུར་སྙམ་ལགས།
ཡང་ཀེ་ཏ་ཀར།དབུས་གཙང་གི་ཁྱིམ་སྔགས་དང་རྙིང་བོན་ཚོས་བྱས་པའི་གཏོ་མདོས་གླུད་སྣ་ཚོགས་བྱུང་བ་ལྷ་སྐལ་ཆད་པས་འབྱུང་བོ་སྒྲུབ་ཟེར་བའི་དཔེ་བཞིན་གྲོང་འབྲོག་ཧོར་བོད་ཀྱི་ཁྱིམ་པའི་རིམ་འགྲོ་ལ་ཕན་ཡང་སྲིད། ཅེས་གསུངས་པ་ལ། དཔལ་ལྡན་ས་སྐྱ་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་དང་། བླ་མ་སྤྱན་ཆེན་པོས་མཛད་པའི་གུར་དང་ལྷ་མོའི་མདོས་ཆོག་ཚད་ལྡན་རྣམ་དག་དུ་བཞེད་ཅིང་། དེའི་རྗེས་སུ་འབྲངས་་ཏེ་མཛད་པའི་ཡིག་ཆའང་མང་། བུ་སྟོན་གྱི་དངོས་སློབ་སྔགས་འཆང་ཤཀྱ་དཔལ་གྱིས་སློབ་དཔོན་དྷི་ཏི་དྷརྨས་མཛད་པའི་གདུགས་དཀར་གྱི་མདོས་ཆོག་ཁུངས་མར་མཛད་ནས་ཡིག་ཆ་མཛད་ཅིང་། བུ་ལུགས་པ་རྣམས་ཀྱིས་ཕྱག་ལེན་དུ་བསྟར་བའི་རྒྱུན་ད་ལྟའི་བར་དུ་ཞྭ་ལུ་སོགས་སུ་མ་ཉམས་པར་ཡོད། གཞན་ཡང་སློབ་དཔོན་འགྲོ་བཟང་སྙིང་པོ་དང་སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་མཛད་པའི་རྣམ་སྲས་ཀྱི་མདོས་ཀྱང་ཡོད་པ་མཁས་གྲུབ་དུ་མས་ཕྱག་ལེན་མཛད། མཁས་གྲུབ་རྗེས་ཀྱང་བླ་མ་གོང་མ་འགའ་ཞིག་ལ་ཆོས་སྐྱོང་རྣམས་ཀྱིས་བསྐུལ་ནས་མདོས་ཆོག་མཛད་པ་ཡོད་པར་གསུངས་པ་བཞིན།
གནམ་ཁུའུ་པ་ལ་མགོན་པོ་ཉིད་ཀྱིས་གསུངས་པའི་དཔལ་མགོན་ཞལ་གྱི་མདོས་ཆོག་ལྟ་བུ་གྲུབ་མཐའ་གཞན་ལ་མང་ཞིང་། རང་རེ་དགེ་ལྡན་པ་ལ་ཡང་འབྲས་སྤུངས་ཀྱི་མཁན་པོ་གཉིས་པ་གྲུབ་ཆེན་དཔལ་ལྡན་སེང་གེ་ལ་མགོན་པོས་གནང་བའི་མདོས་ཆོག་སོགས་ཡོད། གདུགས་དཀར་གྱི་གཏོར་ཆོག་ཙནྡྲ་གོ་མིས་མཛད་པ་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་པར་ཡང་། བྷྱོ་འབོག་བཞི་བྱས་པའི་མདུན་དུ་སྐོར་བཞི་དྲངས་ལ་དེ་བྷྱོ་སྔགས་ཀྱི་སྔགས་ཏེ་ཕྱོགས་བཞིར་བསྐྱལ་ལོ། ཞེས་གཏོ་གླུད་ཀྱི་ཆོ་ག་འབྱུང་། སྐྱེས་རབས་སོ་བཞི་པའི་ངང་པའི་སྐྱེས་རབས་ལས། ངང་པའི་རྒྱལ་པོའི་སྲོག་གླུད་དུ། བདག་ཉིད་མཆིས་ཀྱིས་འཚལ་བར་འགྱུར། ཞེས་གླུད་ཀྱི་བརྡ་ཆད་གསལ་བར་གསུངས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་གི་རྒྭ་ལོའི་རྣམ་ཐར་སྐབས། ད་ལྟའི་རྩིས་ཀྱི་གཏོ་ལ་སོགས་པ། ཀུན་བཏུས་ལས། རྫས་དང་སྔགས་དང་སྨན་དང་མཁྱུད་བཅས་ཡིན་གསུངས། ཁ་འབར་མ་དང་བརྒྱ་བཞི་ཡང་དོན་ལ་གཏོ་གླུད་ཡིན། ཨ་ཏི་ཤས་འབྲོམ་ལ་གནང་བར་གྲགས་པའི་སྒྲོལ་མ་གཡུལ་བཟློག་ཀྱང་མདོས་ཀྱི་ཆོ་ག་ཡིན། རྒྱལ་བ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་ཆོས་རྒྱན་སོགས་དགེ་ལུགས་པའི་བསྟན་པའི་མངའ་བདག་རྣམས་ཀྱིས་ཀྱང་དེ་དག་གི་ཆོ་ག་མཛད། རྒྱལ་དབང་ལྔ་པ་ཆེན་པོས་ནི་མདོས་ཆོག་མཛད་པ་ཤིན་ཏུ་མང་། པཎ་ཆེན་སྐུ་འདི་བས་ཀྱང་ཚངས་པའི་མདོས་ཆོག་མཛད་འདུག གཏོ་མདོས་གླུད་གསུམ་གྲོང་སྔགས་དང་རྙིང་བོན་གྱིས་བྱས་པའི་རྟོག་བཟོ་དགོས་མེད་ལྷ་སྐལ་ཆད་པའི་འབྱུང་བོའི་སྒྲུབ་ཐབས་ཡིན་ན། མཁས་གྲུབ་ཆེན་པོ་དེ་ཐམས་ཅད་ཀྱིས་ཡིག་འཇོག་ག་ལ་མཛད། རིག་པས་ཀྱང་གྲུབ་སྟེ། རི་རབ་གླིང་བཞི་སོགས་ཀྱི་སྟེང་དུ་ལྷ་མིའི་དཔལ་འབྱོར་སྣ་ཚོགས་བསམ་སྟེ་མཎྜལ་ཞེས་འབུལ་རུང་ན། མདོས་ཞེས་པ་ཡང་གླིང་བཞི་རི་རབ་སོགས་ཀྱི་སྟེང་དུ་མི་མ་ཡིན་རྣམས་དགའ་བའི་རྫས་ནམ་རྒྱང་མདའ་འཕང་དཀོར་ཆ་སོགས་ཀྱིས་བཀང་སྟེ་མགྲོན་རྣམས་ལ་སྦྱིན་པ་ཡིན་པས་ཅིའི་ཕྱིར་མི་རུང་། དཀོན་མཆོག་ལ་མཎྜལ་འབུལ་བ་དང་། གདོན་བགེགས་ལ་གཏོ་མདོས་གཏོང་བ་གཉིས་ཀ་ཐབས་མཁས་ཀྱིས་ཟིན་ན་སངས་རྒྱས་ཀྱི་རྒྱུར་འགྲོ་བ་མཚུངས་ན། ཅིའི་ཕྱིར་ཕྱི་མ་ལ་སྡང་བར་བྱེད། སེམས་ཅན་རྣམས་དང་རྒྱལ་བ་ལས། སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། རྒྱལ་ལ་གུས་བྱ་དེ་བཞིན་དུ། སེམས་ཅན་ལ་མིན་ཅི་ཡི་ཚུལ། ཞེས་མ་གསུངས་སམ།
དེར་མ་ཟད་གནོད་བྱེད་རྣམས་མདོས་གླུད་ཀྱིས་མགུ་བར་བྱས་ན། སངས་རྒྱས་ཐམས་ཅད་ཀྱང་མཉེས་པར་འགྱུར་ཏེ། སེམས་ཅན་མགུ་བྱ་མ་གཏོགས་པ། རྒྱལ་བ་དགྱེས་པའི་ཐབས་གཞན་མེད། ཅེས་གསུངས་པས་སོ། གཞན་ཡང་། ཤ་ལྔ་མ་རྙེད་ན་ཟན་ལ་གླང་པོ་ཆེའི་གཟུགས་སོགས་བྱས་ཏེ་དེ་དང་དེར་བསམས་ནས་འབུལ་བ་རྒྱ་གར་གྲུབ་ཆེན་གྱི་གཞུང་ལས་བཤད་ན། འཆི་མི་ཕོད་པའི་ནད་པའི་ཚབ་ཏུ་དེའི་གཟུགས་ཟན་ལ་བྱས་ཏེ། དེར་བསམས་ནས་གནོད་བྱེད་ལ་སྟེར་བ་ཅིའི་ཕྱིར་མི་འཐད། སེམས་ཅན་རྣམས་ལ་གང་འདོད་ཀྱི་དགོས་པོ་སྦྱིན་པར་གསུངས་པ་ན། མི་མ་ཡིན་རྣམས་ལ་དེ་དག་འདོད་པའི་མདོས་གླུད་སྦྱིན་པར་མི་རུང་བའི་སྒྲུབ་བྱེད་ཅི་ཡོད། ནམ་མཁའ་དང་རྒྱང་བུ་སོགས་ཀྱི་རྣམ་བཞག་རྒྱ་གར་ན་མེད་པས་མི་རུང་ན། བོད་འདིར་རྒྱ་གར་དུ་མེད་པའི་མཆོད་རྫས་དགོས་ཆས་ཀྱི་རིགས་མང་བས་དེ་དག་ཀྱང་དཀོན་མཆོག་ལ་འབུལ་བ་དང་སེམས་ཅན་ལ་སྦྱིན་མི་རུང་ངམ། གསང་སྔགས་གསར་མར་གྲུ་གསུམ་གྱི། གཏོར་མ་གཞུང་ནས་བཤད་པ་མེད། ཅེས་ས་པཎ་གྱིས་གསུངས་ཤིང་། དམ་པ་གཞན་མང་པོས་ཀྱང་ཟན་ལ་གཏོང་མའི་དབྱིབས་སྣ་ཚོགས་བྱེད་པ་འདི་རྒྱ་གར་ན་མེད་པར་གསུངས་པས་དེ་ཡང་མི་རུང་བར་འགྱུར་ལ། དེར་མ་ཟད་བརྩེགས་པའི་དྲུག་བཅུ་པ་འདི་ཡང་རྙིང་མ་ལ་དཀྱུས་ནས་བོད་ཀྱིས་བློ་བཟོ་བྱས་པ་ཡིན་གྱི་རྒྱུད་དང་རྒྱ་གཞུང་གི་ཁུངས་མེད་དོ། ཞེས་བུ་སྟོན་ཐམས་ཅད་མཁྱེན་པ་དང་། དཔལ་འཛིན། རྗེ་འདུལ་འཛིན་པ་སོགས་ཀྱིས་གསུངས་པས། རྗེ་བླ་མའི་མན་ངག་ཐུན་མོང་མ་ཡིན་པར་གྲགས་པའི་ལྕགས་མཁར་ཟུར་བཅུ་དྲུག་མ་སོགས་ཀྱང་ལག་ཏུ་བླང་མི་རུང་བར་འགྱུར། ནད་རྐྱལ། ཚོན་དྲུ། ཁྲམ་ཤིང་སོགས་ཀྱི་ཐ་སྙད་ཀྱང་རྒྱ་གར་དུ་མ་གྲགས་པས། ཆོས་རྒྱལ་གྱི་གཏོར་གཞུང་དུ། ལ་ལ་ནད་ཀྱི་རྐྱལ་བ་ཐོགས། ཞེས་སོགས་གསུངས་པའང་མི་འཐད་པར་འགྱུར། མེ་ཕར་བུས་པས་ཨ་ར་ཚུར་ཚིག་པའི་དཔེར་འདུག་གོ དེས་ན་མདོས་གཏོ་གླུད་ཀྱི་ཆོ་ག་ཁྱིམ་པའི་རིམ་གྲོ་ཙམ་དུ་མ་ཟད། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་རིམ་གྲོར་བསྒྲུབ་ན་ཤིན་ཏུ་ལེགས་པ་ཡིན་ཏེ། ལྷོ་བྲག་ཕྱག་རྡོར་བའི་སྐུའི་རིམ་གྲོར་འཆར་ཀ་གླིང་བཞི་སོགས་མདོས་ཆེན་པོ་བཞི་བསྒྲུབ་དགོས་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་གསུངས་པས། རྟོགས་ལྡན་པས་མཁན་ཆེན་ལ་འཕྲིན་བསྐུར་ཚུལ་ལྷོ་བྲག་པའི་རྣམ་ཐར་དུ་གསལ། དེས་ན་རྗེ་བཙུན་འཇམ་པའི་དབྱངས་ནི་རྗེ་བླ་མའི་སྤྲུལ་གཞི་ཡིན་ཞིང་། ལྷོ་བྲག་གྲུབ་ཆེན་ཡང་ཕྱག་ན་རྡོ་རྗེ་དངོས་ཡིན་པར་ཟད། རྗེ་རིན་པོ་ཆེས་བྱང་ཆུབ་ལམ་གྱི་རིམ་པ་གསན་པའི་བླ་མ་ཐུན་མོང་མ་ཡིན་པ་ཡིན་ལ། རྟོགས་ལྡན་པ་ཡང་རྗེ་བླ་མའི་སྒྲུབ་བརྒྱུད་ཀྱི་བདག་པོ་ཡིན་པས། རང་ཉིད་དགེ་ལུགས་པར་ཁས་ལེན་པ་ཚོས་ཁོང་རྣམས་ཀྱི་གསུང་འདི་ཚད་མར་བྱེད་དགོས་སོ། མདོས་ཀྱི་ཁུངས་ཀྱང་རང་རེ་དགེ་ལྡན་པ་རྣམས་ལ་བཤད་མ་ཐག་པའི་ལོ་རྒྱུས་འདི་ཁོ་ནས་ཆོག་པར་སྣང་། གཞན་ཡང་མཁས་གྲུབ་རྗེས། མདོས་ལ་སོགས་པ་ཆོས་ལྡན་གྱི་དགོས་པ་མཐོང་ན་བྱ་རུང་བར་མགོན་པོའི་བསྙེན་སྒྲུབ་ལས་གསུམ་དུ་གསུངས་ཤིང་། རྒྱལ་དབང་དང་པཎ་ཆེན་གྱི་སྐུའི་རིམ་གྲོར་ཡང་མདོས་གཏོ་གླུད་ཀྱི་རིགས་མཛད་ཀྱིན་འདུག་ལ། ས་སྐྱ། ཞྭ་ལུ། གོང་དཀར། པོ་ཏ་ལ། བཀྲ་ཤིས་ལྷུན་པོ་སོགས་ས་དགེའི་གྲྭ་ཚང་ཚད་ལྡན་རྣམས་སུ་བསྟན་འགྲོ་སྤྱིའི་རིམ་གྲོར་མདོས་རིགས་སྣ་ཚོགས་རྒྱུན་གཏན་དུ་འཛུགས་པར་མཛད་པས་ལྷ་སྐལ་ཆད་པས་འབྱུང་པོ་སྒྲུབ་གསུངས་པ་འདི་གཟས་པའི་ཁར་མ་ཕོག་པར་མ་གཟས་པའི་སྣར་ཕོག་ཉེན་འདུག་ལགས། གྲུབ་མཐའ་གཙང་བ་གལ་ཆེ་མོད་ཀྱང་། གྲུབ་མཐའ་ནི་རང་རང་གི་ལྟ་བའི་སྒོ་ནས་འཇོག་དགོས་པ་ཡིན་གྱི། ཆོ་ག་ཐན་ཐུན་དང་ལུས་ངག་གི་རྣམ་པར་རིག་བྱེད་ཀྱིས་འཇོག་པ་མ་ཡིན་པས། དེ་འདྲ་ལ་དེ་ཙམ་གྱི་གུ་དོགས་གནང་མི་དགོས་པ་འདྲ། འདི་ལྟ་བུ་རྩ་གཅོད་པ་ལས། གོ་ཤཱཀ་སྟག་གསུམ་སོགས་རྟོག་གེ་ལ་སྦྱངས་པའི་རྒོལ་ངན་གྱི་རྩོད་པ་རྣམས་ལུང་རིགས་ཀྱིས་སུན་མ་ཕྱུང་ན་ངེས་པར་བསྟན་པ་ལ་གནོད་པས། སྔ་མ་ཡང་རང་ཕྱོགས་མཁས་གྲུབ་མང་པོས་རྩོད་ལན་མཛད་མོད། ད་དུང་གོ་རམ་པས་རྗེ་བླ་མའི་རྣམ་བཞག་རིག་པའི་རྣམ་བཤད་བཀག་པ་སོགས་རྩོད་པ་འགའ་ཞིག་ལ་སུས་ཀྱང་ལན་པ་མ་མཐོང་བས། གྲུབ་མཐའི་རྩོད་པ་ལ་དགྱེས་པའི་རིགས་པའི་དབང་ཕྱུག་འགའ་ཞིག་ད་ལྟ་མཆིས་ན་རྒོལ་ངན་འདི་དག་ཚར་བཅད་ན་ལེགས་པར་འགྱུར་སྙམ་དུ་སེམས་སོ། །
ཡང་ཀེ་ཏ་ཀར། རང་རེའི་དགོན་སྒྲུབ་སྡེའི་སྔར་དར་བའི་གཏོར་ཟོར་འཕེན་དུས་ཀྱི་སྒོ་དབྱེ་འཕྲང་བསལ་དང་རྒྱལ་བ་སྤྱི་བསྐུལ་ཞེས་པ་ཁྲོ་རོལ་མདོས་ཀྱི་འདོན་པ་ཡིན་གསུངས་པ། རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། ཞེས་སོགས་ལ་གསུངས་པ་ཡིན་ན། ཚིག་དེ་རྣམས་མི་དགོན་སྒྲུབ་སྡེ་ཙམ་དུ་མ་ཟད་ལྕགས་མཁར་སོགས་དགེ་ལུགས་པའི་ཟོར་ཆོག་ཕལ་ཆེ་བར་འདུག སྒོ་དབྱེ་འཕྲང་བསལ་ཙམ་དུ་མ་ཟད་རང་རེའི་ཆོས་སྐྱོང་གི་གཏོར་ཆོག་རྣམས་སུ་འབྱུང་བའི། མཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག ཅེས་སོགས་ཀྱི་ཟློག་པ་འདི་ཡང་རྙིང་མའི་ཟློག་གཞུང་གི་ཚིག་ཡིན། མགོན་པོའི་གཏོར་ཆོག་མཁས་གྲུབ་རྗེའི་དག་ཐེར་མར་ཡང་། གནམ་གྱི་འཇུ་ཐག་སྟེང་ནས་ཆོད། ། ས་ཡི་རྟེན་ཕུར་འོག་ནས་ཕྱུངས། །ཞེས་དང་། བདུད་ཀྱི་སྒོ་བྲོ་བརྡུང་དུ་ཆུང །བཙན་གྱི་ཞགས་པ་འདེབས་ཏུ་ཆུག ། མ་མོའི་དལ་ཡམ་དགྲ་ལ་ཐོངས།། ཞེས་དང་། ཁྲམ་ལ་བབས་ཀྱི་ཁྲམ་ལ་ཐོབས། ། ཤྭ་ལ་བབས་ཀྱི་ཤྭ་ཕྱེས་ཤིག །ཅེས་སོགས་བོད་ཀྱི་དམོད་མོའི་ཚིག་མང་དུ་འབྱུང་། དེར་མ་ཟད་གཞན་གྱི་ཆོ་གའི་དག་ཐེར་མཛད་པ་པོ་ཉིད་རང་གི་ལྗགས་རྩོམ་སྲུང་བ་ལྔའི་ཆོ་ག་ཐན་བཟློག་བྱེད་ཚུལ་གསུངས་པའང་ཚིག་རིས་མ་གཏོགས་ཁྲོ་རོལ་གྱི་ཟློག་གཞུང་གི་ཐན་ཟློག་དང་ཁྱད་པར་མི་འདུག་གོ གཏོར་ཟོར་འཕེན་པ་སོགས་ལ་ཚིག་དེ་ཙམ་དུ་མ་ཟད་རྙིང་མའི་ལག་ལེན་འདྲེས་པ་ཡང་མང་སྟེ། དེང་སང་དགེ་ལུགས་པའི་དགོན་པ་ཕལ་ཆེར་ལ་དར་བའི་འཆམ་འདི་ཡང་རྩ་བའི་ཁུངས་རྙིང་མ་ཡིན། རྡོ་རྗེ་གུར་དང་ཡོ་ག་སོགས་ནས་བཤད་པའི་གར་གྱི་རིགས་ཡོད་ཀྱང་ཐང་འཆམ་བཞི་དང་རྣམ་པ་ཕྱོགས་ཙམ་ཡང་མི་འདྲ། རྙིང་མའི་ཁྲག་འཐུང་གི་འཆམ་དང་གྲུ་འཆམ་གཉིས་ཡོད་པ་ལས། ཐང་འཆམ་འདི་ཕལ་ཆེར་གྲུ་འཆམ་ཡིན་པར་འདུག དེར་མ་ཟད་ཞྭ་ནག་དང་ཕོད་ཀ་འདི་ཡང་རྒྱ་ནག་གི་རྒྱལ་པོ་ཐང་ཝང་གི་དུས་སུ་བོད་དུ་བྱུང་བའི་ཧྭ་ཤང་གི་ཆ་ལུགས་ལ་དཔེ་བླངས་ནས་རྙིང་མའི སྔགས་འཆང་རྣམས་ཀྱིས་བྱས་པ་ཡིན་པས་ཐང་ཞུ་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན། ཞྭ་ནག་འདི་རྙིང་མས་སྲིད་པ་སྤྱི་བླུགས་ཀྱི་ཞྭ་ཟེར་ཞིང་མཚོན་དོན་གྱི་བཤད་པ་མང་པོ་ཡོད། འཆམ་རྒྱག་དུས་སུ་ལག་ཏུ་ཐོགས་པའི་ཕུར་པ་ལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་ཞལ་བརྙན་བྱས་པ་ཡང་་་་་་་་སྟོབས་འབྱོར་བག་ཙམ་ཡོད་པ་འགའ་ཞིག་ལ་བསྟོད་བསྔགས་མཛད་འདུག་པ། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཅན་རྣམས་ཀྱིས་སྐྱོན་དུ་མི་སེམས་ནའང་། དད་པ་མེད་ཅིང་སྐྱོན་རྟོག་ལ་རེམ་པ་ཚོས་ཆགས་སྡང་གི་གཏམ་ལྟ་བུར་གོ་ནས་ཁ་ཟེར་ཉེ་ཆེ་ལ། ཡང་ཅུང་དཀར་པའི་རྒད་པོ་ཞིག་གི་ངག་ལམ་ནས་གསན་པའི་ཨུ་རུ་སུའི་ཡུལ་གྲུ་སོགས་ཀྱི་གཏམ་མང་པོ་ཞིག་རྣམ་ཐར་དུ་བཀོད་པར་གནང་འདུག་པ། མི་སྤྲང་པོའི་གཏམ་ལབ་ཀླ་ཀློའི་ཡུལ་བཀོད་བསྟན་བཅོས་སུ་བཀོད་པ་ཤོག་སྣག་གི་གྲོན་ལས་དགོས་པ་གཞན་མ་མཆིས་སོ་སྙམ་མོ། །ཉིད་ཀྱི་གསུང་རབ་གཞན་རྣམས་བདག་གིས་མཇལ་རྒྱུ་མ་བྱུང་ཡང་། གོང་དུ་གསོལ་བ་འདི་དག་དང་ཆ་འདྲ་ན་ད་དུང་ཐུགས་རྟོག་བཅུག་ནས་བཟོ་བཅོས་མཛད་དགོས་པ་རེ་གཉིས་ཡོད་འདྲ་ལ། ཁྱད་པར་དུ་མཚན་ཉིད་ཀྱི་ཡིག་ཆ་མཐའ་དཔྱོད་སྐོར་འདྲ་ཡང་ལྗགས་རྩོམ་བཀའ་དྲིན་བསྐྱངས་ཡོད་སྐད་ཐོས་པས། དེ་དག་ལ་ཆུ་ཐག་ཆོད་ངེས་ཤིག་མ་གནང་ན། མཚན་ཉིད་པ་གྱོང་པོ་སངས་རྒྱས་ལ་ཡང་དག་པ་མི་སྟེར་མཁན་ཚོས་མཐོང་ནས་བཞད་གད་ཀྱི་གནས་སུ་བགྱིས་ན་མི་ལེགས་པས། ཅིས་ཀྱང་གཡེལ་ཆུང་མི་མཛད་པ་མཁྱེན་མཁྱེན་ཞུ། གྲུབ་མཐའི་དགག་གཞག་གི་སྐབས་རང་གི་སེམས་ལ་ཤར་ཚོད་ཞུ་རྒྱུ་མང་ཞིག་མཆིས་ཀྱང་སྐབས་སུ་མ་བབས་ཤིང་ཡིག་ཚོགས་ཀྱང་མང་བར་དོགས་པས་མ་བྲིས་ལ། འདི་ཙམ་ཞུས་པའི་དགོས་གཞི་ལྕང་སྐྱ་རྡོ་རྗེ་འཆང་གིས། རང་གཞན་ལྟ་སྒོམ་གྲུབ་མཐའི་ཁྱད་པར་རྣམས། ལྟ་ཅི་ཐ་སྙད་ཙམ་ལ་ཡང་རྨོངས་ན་ཡང་། གཞན་ལུགས་འབད་པས་སྨོད་ཅིང་སྡང་སེམས་བསྐྱེད། དེ་ཉིད་བསྟན་པའི་ག་དར་ཡིན་པར་སྒོམ། ཅོང་ཆུང་གཡམ་རྒྱུག་མཁན་ལ་ཐུགས་རྗེས་གཟིགས། །ཞེས་གསུངས་པ་ལྟར། དེ་ཉིད་ཀྱི་གསུང་འདི་ལ་བརྟེན་ནས་དེང་སང་མི་རྣ་བ་སྲབ་པ་འགའ་ཞིག་གིས། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། མཆོད་རྟེན་ཐམས་ཅད་བཤིགས་བྱེད་པས། གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒཱའི་བྱེད་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་ལས།། གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་གསུངས་པའི་ཆོས་སྤོང་གི་ལས་མི་བཟད་པ་གསོག་པར་སྣང་སྟེ། དེ་ཉིན་དགོན་ལུང་གི་ཆོས་གྲྭར་ཉིད་ནས་གསུང་རྩོམ་འདིའི་སྟེང་ནས་ལྗགས་བཤད་མཛད་པའི་ཕྱི་ཉིན་མི་ཀླད་མེད་ཅིག་གིས་མ་ཎི་བཀའ་འབུམ་གྱི་གླེགས་བམ་ཞིག་རྒྱ་ལམ་བཞི་མདོར་མི་གཙང་བའི་ཁྲོད་དུ་བསྐྱུར་འདུག་ཅིང་། སླད་མར་ཡང་དེ་འདྲའི་རིགས་འབྱུང་སྲིད་པས་དེ་དག་ལ་ཅུང་ཟད་ཕན་དུ་རེ་ལ། དེང་དུས་ཀྱི་བླ་ཆེན་རྣམས་དང་གྲོལ་བ་དོན་གཉེར་བ་ཕལ་ཆེར་ནི། ལྕང་སྐྱ་ཐམས་ཅད་མཁྱེན་པས། དགྲ་གཉེན་སྐྱོང་རྒྱ་ཆེན་བྱ་བས་གཡེངས། ། འཁོར་དང་ཟང་ཟིང་འདུ་འགོད་མང་པོས་བྲེལ། །བདག་འཛིན་གཞིར་གྱུར་བཤད་སྒྲུབ་སྡེ་མང་འཛུག །ཉམས་བཞེས་གཙོ་བོ་ཆོས་བརྒྱད་ལ་མཛད་པའི། །དེང་དུས་བསྟན་འཛིན་རྣམས་ལ་ཐུགས་རྗེས་གཟིགས། །ཞེས་དང་། ཡོང་གཏོང་ནོར་གྱི་རྩིས་སྒོར་གཤར་སྦྱང་འབད། །བུན་སྐྱེད་ཁེ་སྤོགས་བསམ་མནོས་ཉིན་མཚན་འདའ། །གཉེན་གྱི་འཚོ་སྐྱོང་ཕྱུགས་ཀྱི་འཚོ་སྐྱོང་བྱེད། །ཁང་གཞིས་འཛིན་གསོ་བྱི་དོར་ལ་བརྩོན་པའི། །གྲོལ་བ་དོན་གཉེར་རྣམས་ལ་ཐུགས་རྗེས་གཟིགས། །ཞེས་གསུངས་པ་ལྟར། ནོར་རྫས་ཡོང་གཏོང་གི་རྩིས་གྲངས་དྲི་ཞུས་པ་དང་།དགྲ་འདུལ་གཉེན་སྐྱོང་གི་འདུན་མ་གྲོས་བསྡུར་ལས། ཆོས་གཏམ་གྱི་སྤྲོས་པ་ལ་ཐུགས་ལས་ཆུང་ངུར་གཞོལ་བའི་དུས་འདིར། རང་རེ་དཔོན་སློབ་འདི་འདྲའི་འཕྲོས་གླེང་མཛད་པ་དུས་དབང་ལ་དཔགས་པའི་བསྟན་པའི་བྱ་བའི་གྲངས་སུ་ཡང་འགྲོ་བར་བསམ་སྟེ།མཛེས་ལམ་དུ་མ་སོང་བའི་དྲང་གཏམ་འབའ་ཞིག་སྙན་སྒྲོན་དུ་གསོལ་བ་ལ་ཆོས་ཀློང་ཟབ་མོ་རྙོགས་པ་མེད་པ་མཁྱེན་མཁྱེན་ལགས། ཆོས་ཀྱི་ཆུ་བོའི་རྙོགས་མ་དྭངས་བྱེད་པ། །ཆོས་རྗེ་བླ་མའི་ལེགས་བཤད་ཀེ་ཏ་ཀ །ཆོས་ཀྱི་རྡོ་རྗེས་ལྷག་བསམ་རས་དཀར་གྱིས། །ཆོས་དང་མཐུན་པའི་བྱི་དོར་འདི་བགྱིས་སོ། །ཆོས་ལ་ཆོས་མིག་རྡུལ་བྲལ་མ་ཐོབ་པར། །ཆོས་དང་ཆོས་མིན་ཇི་བཞིན་འབྱེད་དཀའ་བས། །ཆོས་སྨྲ་ཆོས་ལ་ཁ་ཚོན་གཅོད་པ་རྣམས། །ཆོས་འདོད་ཆོས་ལས་ལྡོག་པར་མི་བགྱིད་འཚལ། །ཆོས་འདོད་ཆོས་རྗེས་འབྲངས་རྣམས་གཞན་གྱི་ལུགས། །ཆོས་དང་ཆོས་མིན་དཔྱོད་ལས་རང་གི་རྒྱུད། །ཆོས་དང་ཆོས་མིན་གང་དུ་འདུག་ལྟོས་ལ། །ཆོས་ལ་ཆོས་བཞིན་སྤྱོད་ཅེས་བདག་གསོལ་ལོ། །ཆོས་ཚུལ་འབྱེད་པའི་བློ་གྲོས་མི་གསལ་བས། །ཆོས་དང་འགལ་བར་སྨྲས་པ་མཆིས་གྱུར་ན། །ཆོས་ཀྱི་སྤྱན་ལྡན་རྣམས་ལ་བདག་འཆགས་ཀྱི། །ཆོས་དབྱིངས་སུ་ནོངས་པ་སྦྱང་དུ་གསོལ། །ཆོས་ཀྱི་གཏམ་འདི་བྲིས་པའི་དགེ་བ་ཡིས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །ཆོས་ཀྱིས་ཕོངས་པའི་འགྲོ་བ་ཐམས་ཅད་ལ། །ཆོས་ཞལ་མཐའ་ཡས་སྟོན་པར་བདག་གྱུར་ཅིག །ཅེས་རྗེ་བཙུན་བླ་མ་ཛྙཱ་ནའི་མཚན་ཅན(སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར)གྱིས་མཛད་པའི་གསུང་རབ་རྣམ་དག་ཆུའི་དྲི་མ་སེལ་བྱེད་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བའི་ཚིག་དོན་ལ་དོགས་དཔྱོད་སྙན་སྒྲོན་དུ་གསོལ་ནོར་བུ་ཀེ་ཏ་ཀའི་བྱི་དོར་ཞེས་བྱ་བ་འདི་ནི། དྲན་ཚད་ཁ་ནས་འདོན་པའི་ཅོལ་ཆུང་དེང་དུས་ཀྱི་སྐྱེ་བོའི་ཁྲོད་ན་བྱ་རོག་དཀར་པོའི་བརྟུན་ཞུགས་འཛིན་པ་ཀུ་སཱ་ལི་ངྷརྨ་བཛྲ་(ཐུའུ་བཀྭན་ཆོས་ཀྱི་རྡོ་རྗེ)དགེ་བྱེད་ཅེས་པ་ཆུ་ཕོ་སྟག་ལོའི་སྟོན་ཟླ་ར་བའི་ཡར་ཚེས་བཟང་པོའི་ཉིན། ཆོས་རྗེ་ཀརྨ་པ་རོལ་བའི་རྡོ་རྗེས་བྱིན་གྱིས་བརླབས་པའི་འབྲོག་དགོན་པའི་གནས་ཀྱི་སྨན་ལྗོངས་ཉམས་དགའ་བ་ཞིག་ནས་སུག་བྲིས་སུ་བགྱིས་ཏེ་ཕུལ་བ་ཛ་ཡནྟུ། །