ཆོས་བརྒྱུད་རིས་མེད་བྱེད་ཕྱོགས་སྐོར་ཅུང་ཟད་གླེང་བ།
ཐེངས། 14415 བཀླགས་འདུག
༄༅། །ཞི་བདེའི་དེད་དཔོན་ཆེན་པོ་སྟོན་པ་ཐུབ་པའི་དབང་པོ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། དེ་ལ་འདིར་ཆོས་བརྒྱུད་རིས་མེད་བྱེད་ཕྱོགས་སྐོར་ལ་ཅུང་ཟད་གླེང་བ་ལ། ང་ཚོ་བོད་གངས་རིའི་ལྗོངས་ཀྱི་ཆོས་བརྒྱུད་ཐམས་ཅད་ཕན་ཚུན་བྱམས་བརྩེ་དང་དག་སྣང་གུས་བཀུར་བྱེད་དགོས་པ་གལ་ཆེན་གྱི་གནས་ཡིན་ཏེ། བོད་ཀྱི་ཆོས་བརྒྱུད་ལ་བན་བོན་གཉིས་ཡོད་ལ། ད་སྐབས་སུ་གནས་པའི་གཡུང་དྲུང་བོན་གྱི་བསྟན་པ་ཡང་ཤཱཀ་ཐུབ་བསྟན་པའི་བཀའ་དང་དགོངས་འགྲེལ་དང་ཕར་ཆེར་འདྲ་བ་མང་པོ་ཡོད་པ་དང་། གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་སོགས་མིང་འདོགས་ཚུལ་མི་འདྲ་བ་ཙམ་ལས་ཁྱད་ཆེར་མེད་པར་སྣང་བ་དང་། སྔོན་བྱོན་རེས་མེད་སྐྱེས་ཆེན་དུ་མས་བསྔགས་བརྗོད་མཛད་པས་སོོ། །ཤཱཀྱ་ཐུབ་པའི་རྗེས་སུ་འཇུག་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྙིང་མ་དང་། བཀའ་བརྒྱུད་པ་དང་། ས་སྐྱ་བ་དང་། ཇོ་ནང་པ་དང་། དགེ་ལུགས་དང་ལྔ་པོ་ཐམས་ཅད་ཀྱི་སྟོན་པ་གཅིག་དང་། རྟེན་གཞིའི་བཀའ་དང་བསྟན་བཅོས་ཡང་ཕར་ཆེར་གཅིག་གྱུར་ཡིན་ལ། དེ་དག་ཐམས་ཅད་སངས་རྒྱས་ཀྱི་མདོ་སྔགས་ཀྱི་དགོངས་པར་གནས་པ་ཤ་སྟག་ཡིན་ཡང་གནས་སྐབས་སངས་རྒྱས་ཀྱིས་ཆོས་གསུངས་པ་གདུལ་བྱའི་ཆེད་ཡིན་པས་སྒྲས་ཟིན་དང་མིང་འདོགས་ལུགས་དང་གཏན་ལ་ཕབ་ཚུལ་ཅུང་ཟད་མི་འདྲ་བ་ཡོད་ལ། འོན་ཀྱང་མཐར་ཐུག་མི་གནས་པའི་མྱང་འདས་ཀྱི་གྲོང་ཁྱེར་ལ་ཕྱིན་བྱེད་ཡིན་པ་ལ་ཁྱད་པར་མ་དམིགས་ཏེ། ས་དགེ་ཇོ་ནང་བཀའ་རྙིང་ཐམས་ཅད་ཀྱི་ཁྲོད་ན་བླ་མེད་བྱང་ཆུབ་ཀྱི་སར་གཤེགས་པའི་སྐྱེས་བུ་བསམ་གྱི་མི་ཁྱབ་པ་བྱུང་བ་གཟུར་གནས་ཀྱི་སྒོ་ནས་འདས་པའི་ལོ་རྒྱུས་ལྟ་ན་གསལ་བ་ལྟར་རོ། །རང་རང་གི་བཞེད་པའི་ལྟར་གྲུབ་དེ་དག་ཉམས་སུ་ལེན་ན་ཉམས་མྱོང་ཅན་གྱི་རྣལ་འབྱོར་བས་དཔྱད་ན་སྒྲིབ་གཉིས་ཀྱི་གཉེན་པོ་དང་ཐར་བ་ཐོབ་པའི་ཐབས་སུ་འགྱུར་བ་ལ་གཅིག་མཚུངས་ཡིན་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང་། ཤར་སྐལ་ལྡན་རྒྱ་མཚོའི་གསུང་སྒྲོས་ལས། གཞན་གྲུབ་མཐའ་ཆོས་ལུགས་སྣ་ཚོགས་ལ། །ཡིད་གཡོ་བའི་དད་པ་སྐྱེས་ན་རབ། །དེ་མིན་ནའང་དག་སྣང་སྦྱོང་བ་དང་། །དོན་མེད་པར་མི་སྨོད་དམ་བཅའ་ཡིན། །ཞེས་པ་དང་། །ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །ཅེས་དང་། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་ལྟ་མགུར་མུན་སེལ་ལས། ལར་རྫོགས་ཆེན་བློ་འདས་རིག་པ་དང་། །དཔལ་དུས་འཁོར་རྒྱུད་སྡེའི་རང་ལུགས་ཀྱི། །ལམ་མི་འགྱུར་བདེ་བའི་སྒྲུབ་གཞི་གཉིས། །མིང་འདོགས་ཚུལ་ཙམ་ལས་སོ་སོར་མེད། །ཅེས་གསུངས་པས་སོ། །འོན་ཀྱང་འཇུ་མི་ཕམ་གྱིས། དགེ་ལྡན་ལྟ་བ་མེད་དགག་དང་། །གཞན་རྣམས་མ་ཡིན་དགག་ཏུ་འདོད། །ཅེས་པའི་དགེ་ལྡན་པའི་འདོད་པའི་མེད་དགག་དང་གཞན་རྣམས་ཀྱི་འདོད་པའི་མ་ཡིན་དགག་གཉིས་དོན་གཅིག་མ་ཡིན་པར་མཐར་ཐུག་ཐར་བ་ཐོབ་པའི་ཐབས་སུ་འགྱུར་བ་ལ་ཁྱད་མེད་པའི་དགོངས་པར་སྣང་ངོ། །བོད་ཀྱི་ཆོས་བརྒྱུད་ཀུན་གྱིས་ལུགས་ལ་རང་རང་དབུ་མ་པ་ཡིན་པ་དང་རང་བཞེད་ཀྱི་ལྟ་བ་དེ་སྤྲོས་བྲལ་ཡིན་པ་དང་མཐའ་བྲལ་ཡིན་པར་དངོས་སུ་ཁས་ལེན་པ་འདྲ་ཡང་སྤྲོས་མཐའ་དང་བྲལ་ལུགས་ཅུང་ཟད་མི་འདྲ་བ་རེ་བཤད་ནས་རང་རང་གི་ལྟ་བ་དེ་སྤྲོས་བྲལ་ཡིན་པར་ཁས་བླངས་ནས་གཞན་ལ་དགག་བཞག་མཛད་པ་ཡོད་ལ། དེ་ལ་དགག་བཞག་བསྟན་པའི་མཛེས་རྒྱན་དུ་སོང་བ་དང་མ་སོང་བར་ཆགས་སྡང་དུ་འགྲོ་བ་ཅི་རིགས་སུ་སྣང་། སྔོན་གྱི་ལོ་རྒྱུས་ལ་ཕྱིར་དྲན་ཞིག་བྱས་ན་སྔ་འགྱུར་གྱི་སྐབས་བན་བོན་ནས་བཟུང་ད་ལྟའི་བར་རྩོད་ཉོག་ལ་བསམ་ན་མི་རིགས་གཅིག་དང་སྟོན་པ་གཅིག་གི་རྗེས་འཇུག་གི་ནང་ལ་གང་ཟག་གི་ཆགས་སྡང་ཆོས་ལ་བསྲེས་ནས་རྩོད་ཉོག་ཧ་ལས་པ་བྱུང་བ་ནི། ངོ་ཚ་བ་དང་ངོ་གནོང་དགོས་པ་ཞིག་ཡིན་པ་ཀུན་གྱིས་ཤེས་དགོས་ཏེ། ནང་ཆོས་ནི་སྤྱོད་པ་འཚེ་བ་མེད་པ་ཡིན་པས་། ད་ལྟའི་ཆར་ཡང་ཆོས་བརྒྱུད་ནང་ཕན་ཚུན་ཟུར་ཟ་བྱེད་མཁན་དང་། རྒྱ་བླ་བསམ་བློ་མེད་པ་འགའ་ཞིག་གིས་རང་དགོན་སོགས་ཀྱི་ནང་དུ་རྩོད་ཉོག་སློང་བ་ནི་ཧ་ཅང་ཐབས་སྐྱོ་བ་ཞིག་རེད་བསམ་བཞིན་ཡོད། དེས་ན། དེང་ཕྱིན་ཆད་ལྟ་བ་གུ་ཡངས་པོའི་ངང་བྱམས་བརྩེའི་དཔལ་ལ་གུས་བཀུར་དང་རང་དབང་དང་འདྲ་མཉམ་གྱི་དཔལ་ལ་ཕན་ཚུན་རྒྱུས་ལོན་དང་ཉམས་ཞིབ་བཅས་ནས་རབ་ཡིན་ན་ཐམས་ཅད་ཉམས་ལེན་བྱེད་རྒྱུ་དང་། དེ་མ་ནུས་ན་ཆགས་སྡང་གི་སྒོ་ནས་གཞན་ལ་གནོད་པ་མི་བྱེད་པར་རང་རང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ན་འཚེ་མེད་ཞི་བའི་ལམ་བཟང་རྙེད་པར་འགྱུར་བས་དེ་ལྟར་འབད་པར་རེ་བསྐུལ་ཞུ། བོད་ཀྱི་ཆོས་བརྒྱུད་དེ་རྣམས་ཀྱིས་སྲོལ་འབྱེད་དང་སྲོལ་འཛིན་ཀུན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ལུང་བསྟན་པ་ཡིན་པས་ཆགས་སྡང་བྱེད་མི་འོས་ལ། དེ་ཡང་ཆེ་བ་དྲུག་ལྡན་གྱི་སྔ་འགྱུར་རྙིང་མའི་སློབ་དཔོན་པདྨ་འབྱུང་གནས་རྒྱལ་བས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། དབུས་གྱུར་ཚར་ལུང་བསྟན་པའི་མདོ་ལས། འདི་ནས་ལོ་ནི་བཞི་གཉིས་ན། །དྷ་ན་ཀོ་ཤའི་མཚོ་གླིང་ན། །རང་འཁྲུང་པད་མའི་སྟེང་དུ་ནི། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོ་འབྱུང་། །ཞེས་དང་། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། འདི་ནས་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག །ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པ་ལུང་དུ་བསྟན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱག་ཆེན་བསྟན་པའི་བརྒྱུད་འཛིན་དཔལ་ལྡན་འགྲོ་མགོན་བཀའ་བརྒྱུད་པའི་སྐྱེས་ཆེན་དམ་པ་དྭགས་པོ་ཟླ་འོད་གཞོན་ནུ་རྒྱལ་བས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ་ང་འདས་ནས་མ་འོངས་པའི་དུས་ན་བྱང་ཕྱོགས་ཀྱི་རྒྱུད་ཆུ་བོ་རོ་ཧི་ཏའི་ཀླུང་འགྲམ་ནདགེ་སློང་འཚོ་བྱེད་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བསྐུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། བྱང་ཆུབ་སེམས་དཔེའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་སྟོན་པ་ཞིག་འབྱུང་བར་གྱུར་ཏེ། ཞེས་གསུངས་སོ། ། དེ་བཞིན་དུ་དཔལ་རྒྱལ་བ་ཀརྨ་པ་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། མདོ་ཏིང་འཛིན་རྒྱལ་བོ་ལས། ང་འདས་ལོ་ནི་ཉིས་སྟོང་ན། །གདོང་དམར་ཡུལ་དུ་བསྟན་པ་བྱུང་། །སྤྱན་རས་གཟིགས་ཀྱི་འདུལ་བྱར་འགྱུར། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ། །ཀརྨ་པ་ཞེས་བྱ་བ་འབྱུང་། །ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ། །མཐོང་ཐོས་དྲན་རེག་བདེ་ལ་འགོད། །ཅེས་དང་། ལང་ཀར་གཤེགས་པའི་མདོ་ལས། རབ་བྱུང་ཆས་ལ་ཞྭ་ནག་ཅན། །སྟོང་གི་བསྟན་པ་མ་ནུབ་པར། །འགྲོ་བའི་དོན་ལ་རྒྱུན་མི་ཆད། །ཞེས་གསུངས་སོ། །དེ་ལྟར་གསལ་སྟོང་འཛིན་མེད་ཀྱི་བསྟན་པ་འཛིན་པ་དཔལ་ས་སྐྱ་བ་ཀུན་དགའ་སྙིང་པོ་དང་ས་སྐྱ་པཎ་ཆེན་ཀུན་
དགའ་རྒྱལ་མཚན་གཉིས་རྒྱལ་བས་ལུང་བསྟན་པའི་ཚུལ་རིམ་བཞིན་འདི་ལྟ་སྟེ། ཕྱག་ན་རྡོ་རྗེ་འགྲོ་བཟང་གི་རྒྱུད་ལས། འཇམ་དབྱངས་ལ་སོགས་བྱང་སེམས་ཀུན་གྱིས་ནི། །ཐུགས་རྗེའི་བདག་ཉིད་མཁོན་གདོང་བསྟན་པ་ལ། །ཀུན་དགའ་སྙིང་པོ་ནམ་མཁའི་སྒྲ་གཅན་ལྟར། །འཛམ་གླིང་སྐྱབས་མགོན་ས་སྐྱ་བ་ཞེས་འབྱུང་། །ཞེས་དང་། རྒྱུད་འཕྲུལ་དྲྭ་བའི་རྒྱུད་ལས། སྐྱེ་བ་དུ་མ་འཇམ་དཔལ་རྗེས་བཟུང་ཞིང་། །རབ་འབྱོར་སྤྲུལ་བ་ཀུན་དགའ་རྒྱལ་མཚན་ཞེས། །འཆད་རྩོད་རྩོམ་གསུམ་ཐོག་པ་མི་མངའ་བའི། །རྩོད་ལྡན་དུས་ན་ཟླ་བྲལ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བོད་གངས་རིའི་ལྗོངས་འདིར་སྤྲོས་བྲལ་དབུ་མ་གཞན་སྟོང་གི་བསྟན་པ་གསལ་བར་མཛད་པའི་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་རྒྱལ་བས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། གཙུགས་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག །ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། ། སྲས་ནི་སངས་རྒྱས་མིང་ཅན་འབྱུང་། །ང་ཡི་བསྟན་པའི་རྒྱལ་མཚན་འཛུག །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་དང་། ཨ་དྲ་ཤི་ལ་བཀོད་པའི་མདོ་ལས། ཨ་དྲ་ཤི་ལས་བཅོམ་ལྡན་འདས་ལ་ཞུས་ནས། ཆོས་ཀྱི་རྒྱལ་པོས་གསོལ་པ། རྟག་ཏུ་གཟིགས་པ་སྤྱན་རས་གཟིགས། །མ་འོངས་དུས་ཀྱི་ཐ་མ་ལ། །སྙིགས་དུས་སེམས་ཅན་སྐྱོབ་པའི་ཕྱིར། །མ་ཧཱ་སུ་རའི་བྱང་ཕྱོགས་སུ། །ཁ་བ་ཅན་གྱི་ཡུལ་དབུས་ན། །གྲོང་ཁྱེར་ཆེན་པོ་ཀ་ཡོ་རི། །རྣམ་པར་གྲགས་པའི་ས་བདག་ནི། །ཡེ་ཤེས་དབང་ཕྱུག་ཡབ་སྨོས་པ། །དེ་ཡི་སྲས་སུ་བལྟམས་པར་མཐོང་། །ཞེས་གསུངས་པ་དང་། བྷི་རི་ཧ་རིའི་མདོ་ལས། ཁ་བ་ཅན་དུ་ཚེ་ལོ་བརྒྱད་ཅུ་ན། །བསྟན་པ་ཉམས་ཏེ་ཆོས་ཉིད་ཁྱད་དུ་སོད། ། ལོག་ལྟར་ཞུགས་པའི་དུས་སུ་ལི་ཙཱ་བི། ། ཆོས་ཀྱི་སྒྲོན་མེ་ཐོགས་ནས་དོལ་པོ་ཞེས། ། ངའི་མིང་དུ་འཛིན་པའི་གྱ་ནོམ་པ། ། ལོ་བརྒྱར་ཆོས་ཀྱི་ཆར་བ་ཕབ། །ཐེག་ཆེན་ཆོས་ཀྱི་རྔ་ཆེན་བརྡུང་། །ཆོས་ཀྱི་མཆོད་སྦྱིན་རྒྱལ་མཚན་བཙུགས། །ཞེས་གསུངས་པས་སོ། །དེ་ལྟར་རི་བོ་དགེ་ལྡན་པའི་བསྟན་པ་གསེར་སྦྱང་གཙོ་མ་ལྟ་བུའི་ཤིང་ལྟའི་སྲོལ་འབྱེད་ཆེན་པོ་རྗེ་བླ་མ་ཤར་ཙོང་ཁ་བ་བློ་བཟང་གྲགས་པ་རྒྱལ་བས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེནརབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་དང་། མཁའ་འགྲོ་གསང་བའི་རྒྱུད་ལས། འཇམ་དཔལ་སྤྲུལ་བ་བློ་བཟང་གྲགས། །བསྟན་པ་རྒྱས་བྱེད་ངོ་མཚར་ཅན། །
ཞེསགསུངས་པས་སོ། །དེས་ན་ང་ཚོ་བོད་པ་ཚོས་ཁོམ་གཤིས་ངན་རིགས་ཆོས་ལུགས་འཐེན་ཁྱེར་བྱེད་པ་སོགས་དོར་ནས་རིས་མེད་བསྟན་པ་འཛིན་པར་ཁོམ་ཁ་མདུན་དུ་སྤོ་དགོས། གྲུབ་མཐའ་སྨད་ན་དཔལ་དུས་འཁོར་གྱི་རྒྱུད་ལས་བསྟན་པའི་རྩ་ལྟུང་དྲུག་པ་དང་། མདོ་ལུགས་ལྟར་ན་ཆོས་སྤངས་ཀྱི་ལས་སུ་འགྱུར་བས་གནས་འདི་ལ་གཟབ་དགོས་སོ། །གནས་སྐབས་ཚིག་མང་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ། །