རིས་མེད་གནང་དགོས་པའི་དགེ་མཚན་དང་རིས་མེད་ཅེས་པའི་གོ་དོན།
ཐེངས། 14457 བཀླགས་འདུག
རྒྱལ་སྤྱིའི་རིས་མེད་གླེང་སྟེགས་སྟེང་ཆེད་དུ་གདན་ཞུས་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་མཆོག་ནས་རིས་མེད་གནང་དགོས་པའི་དགེ་མཚན་དང་རིས་མེད་ཅེས་པའི་གོ་དོན་ཐད་བཀའ་སློབ་གནང་བའི་གསུང་བཤད་ཚན་པ་འགའ།
ཆོས་ལུགས་རིས་མེད་ཀྱི་གོ་དོན།
ཆོས་ལུགས་རིས་མེད་ཀྱི་གོ་བ་གཙོ་བོ་དེ་ནི་ལྟ་བ་དང་། སྒོམ་པ། སྤྱོད་པ་གསུམ་གར་འབྲེལ་བ་ཆགས་བསྡད་པ་ཞིག་ལ་གོ་ན་ཆོག་བསྡད་ཀྱི་ཡོད་རེད། རིས་མེད་ཅེས་པའི་གོ་བ་དེ་ཐེག་པ་ཆེན་པོའི་དབང་དུ་བྱས་ནས་སྦྱར་ན། བསམ་པའི་ངོས་ནས་ཚད་མེད་བཞི། ལྟ་བའི་ངོས་ནས་བདག་མེད་རྟོགས་པའི་ལྟ་བ་ཉམས་ལེན་ཞིག་ལ་རིས་མེད་ཀྱི་ཉམས་ལེན་གོ་ན་འགྲིག་གི་ཡོད་རེད། རིས་མེད་ཟེར་འོང་དུས་སྡེ་ཚན་གཉིས་སམ་གསུམ་མམ་བཞིའམ་ལྔ་ལ་སོགས་པ་གང་ཡང་རུང་སྟེ་སྡེ་ཚན་གང་རུང་ཞིག་བདག་ཏུ་བཟུང་། དེ་ལ་ཆགས། སྡེ་ཚན་གཞན་པ་དེ་ཚོ་ལ་གཞན་དུ་བཟུང་། དེ་ལ་ཞེ་སྡང་ཕྲག་དོག་གི་ཡུལ་དུ་བྱས་པ་ཡིན་ན་དེ་རིས་མེད་རེད་ཡོད་མ་རེད། སྡེ་ཚན་ཁ་ཤས་ལ་ཆགས་ཤིང་ཁ་ཤས་ལ་སྡང་བའི་ཆགས་སྡང་གི་བསམ་བློ་ཤུགས་ཆེན་པོ་གཏན་ནས་མེད་ན་རིས་མེད་ཅེས་པའི་གོ་དོན་གྱི་སྒྲ་ཇི་བཞིན་པ་ཡོང་གི་ཡོད་རེད། དེ་མ་ཟད་ས་ལམ་གྱི་རྟོག་པ་གོང་འཕེལ་འགྲོ་རིམ་བཞིན་དུ་རིས་མེད་ཀྱི་གོ་དོན་དེ་ཡང་རྒྱུད་ལ་འབྱོར་ཇེ་ཆེར་ཆེར་རེད་སོང་དུས་རིས་མེད་ཀྱི་གོ་དོན་མཐར་ཐུག་རྒྱུད་ལ་འབྱོར་མཁན་དེ་སྟོན་པ་སངས་རྒྱས་ཡོན་ཟེར་བཤད་ན་འགྲིགས་བསྡད་ཡོད་རེད། གང་ལགས་ཞུས་པ་ཡིན་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཟིན་པའི་ཞུག་ལ་ཡིལ་དང་ཡུན་ཅན་གཉིས་སུ་ཕྱེ་བའི་གཉིས་སྣང་ཕྲ་མོ་ཞེན་པ་ཙམ་ཡང་མེད་ན་དེ་ལ་ཆགས་སྡང་གིས་ཕྱོགས་དང་རིས་སུ་བཅད་པའི་ཕྱོགས་རིས་སུ་ལྷུང་དོན་རྩ་བ་ནས་མེད་རེད། དེ་སྤྱིར་བཏང་གི་རིས་མེད་ཆེན་པོ་ཞིག་རེད། དེའི་ནང་ནས་དམིགས་ཀྱིས་བསལ་བ་ང་ཚོས་ད་ལྟ་ཁ་ཚ་དགོས་གཏུགས་ཀྱི་ཉམས་ལེན་དགོས་ཡ་དང་རྒྱུད་ལ་འབྱོར་དགོས་ཡ་དེ་སྤྱིར་བཏང་གི་ཆོས་ལུགས་ཆེན་པོ་དེ་ལོས་ཡིན་ཀྱང་། སྐབས་སུ་བབས་པ་དེ་ཆོས་ལུགས་རིས་མེད་ལ་གོ་དགོས། སྤྱིར་ཆོས་ལུགས་རིས་མེད་ཟེར་བ་དེ་ཕྱོགས་དང་རིས་སུ་བཅད་པ་མེད་པ་ཞིག་ལ་གོ་དགོས་པས་སྤྱིར་སྒྲ་དེ་བྱེ་བྲག་ཆོས་ལུགས་ལ་འཇུག་གི་ཡོད་རེད། དཔེར་ན། སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་སྔ་ཆར་གཟུགས་ཡིན་ཀྱང་གཟུགས་ཞེས་པའི་སྒྲ་དེ་བྱེ་བྲག་མིག་གི་ཡུལ་ལ་འཇུག་པ་ལྟར་བྱེ་བྲག་ཆོས་ལུགས་རིས་མེད་ལ་འཇུག་པ་བཞིན་དེང་སང་སྤྱི་སྒྲ་དེ་བྱེ་བྲག་ཆོས་ལུགས་ལ་འཇུག་གི་ཡོད་རེད། ཆོས་ལུགས་རིས་མེད་ཟེར་བ་དེ་ལའང་གོ་དོན་རྣམ་པ་རིམ་པ་མང་པོ་ཞིག་འགྲོ་ཆོག་རེད། ཆེ་ས་ནས་བཤད་ན་འཛམ་གླིང་གི་ཆོས་ལུགས་ཡོངས་སུ་རྫོགས་པ་དེ་ལ་རང་ཕྱོགས་ལ་ཆགས་པ། གཞན་གྱི་ཕྱོགས་ལ་སྡང་བ་མེད་པའི་ཐོག་ནས་འཛམ་བུ་གླང་གི་ཆོས་ལུགས་ཡོངས་སུ་རྫོགས་པ་རང་གི་ཡིན་པ་བཞིན་དུ་གཅེས་སྤྲས་བྱེད་པ་དང་གུས་པ་དང་རྩི་བསྐུར་བྱེད་པ་ཞིག་ལ་གོ་ཆོག་གི་ཡོད་རེད། བྱེད་བྲག་ཏུ་ནང་པ་སངས་རྒྱས་པའི་ཆོགས་ལུགས་ཡིན་ཁུལ་བྱས་ན་ཡང་། བོད་བརྒྱུད་ནང་ཆོས། རྒྱ་ཡི་ནང་གི་ནང་ཆོས། ལྷོ་ཕྱོགས་རྒྱུད་ཀྱི་ནང་ཆོས་བཅས་སྡེ་ཚན་ཆེན་པོ་གསུམ་གྱི་མིང་འདོགས་གནང་གི་ཡོད་རེད། དེ་གསུམ་ག་ལའང་སྟོན་པ་རྫོགས་པའི་སགས་རྒྱས་ཀྱི་བསྟན་པ་ཡིན་པ་ངོ་ཤེས་པའི་ཐོག་ནས་དད་པ་དང་གུས་པ་འདྲ་མཉམ་ཡོང་བསྡད་པ་གཅིག་ལ་ཆོས་ལུགས་རིས་མེད་ཟེར་བྱེ་བྲག་ནང་པ་སངས་རྒྱས་པའི་བརྒྱུད་སྲོ་མི་འདྲ་བ་དེ་ཚོ་ལ། འདི་ངའི་ཆོས་ལུགས་རེད་ཟེར་ཆགས་པ་མེད་པ་དང་། འདི་གཞན་གྱི་བརྒྱུད་སྲོལ་རེད་ཟེར་སྡང་བ་མེད་པ་ཞིག་བྱུང་ན་དེ་ལ་ཆོས་ལུགས་རིས་མེད་ཟེར་ཆོག་གི་ཡོད་རེད། ཡིན་ན་ཡང་ད་ལྟ་ང་ཚོའི་སྐབས་སུ་བབས་པའི་ཆོས་ལུགས་རིས་མེད་དེ་ནང་པ་སངས་རྒྱས་པའི་བརྒྱུད་སྲོལ་ཆེན་པོ་གསུམ་གྱི་ནང་ནས་བྱེ་བྲག་བོད་བརྒྱུད་ནང་ཆོས་ལ་རིས་མེད་གནང་རྒྱུ་དེ། ཆོས་བརྒྱུད་རིས་མེད་ཀྱི་ཚོགས་པ་ཡིན་ན་འདྲ། རིས་མེད་གནང་མཁན་གང་ཡིན་ན་འདྲ། དེ་ཚོས་ཁ་ཚ་དགོས་གཏུགས་ཀྱི་རིས་མེད་གནང་དགོས་ས་དེ་བོད་བརྒྱུད་ནང་བསྟན་ལ་ཕྱོགས་ལྷུང་དང་ཆགས་སྡང་མི་བྱེད་པར་ཐམས་ཅད་ལ་དད་པ་དང་གུས་པ་འདྲ་མཉམ་བྱེད་ན་རིས་མེད་གོ་ཆོག་གི་ཡོད་རེད།
རིས་མེད་ཉམས་ལེན་བྱ་ཚུལ།
དེ་ཡིན་དུས་རིས་མེད་གནང་རྒྱུ་དེ་བྱང་ཆུབ་སེམས་རིན་པོ་ཆེ་ལ་བློ་སྦྱོང་པ་འདྲ་བོ་འདྲ་བོ་རེད་བསྡད་ཡོད་རེད། དཔེར་ན་སྙིང་རྗེ་འདྲ་བོ་ཞིག་ལ་བླ་སྦྱོང་གི་ཡོད་ན། གཅིག་བཤད་ཡོང་དུས་སྙིང་རྗེ་ཚད་མེད་ཀྱི་གོ་དོན་དེ་འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་དགོས་པ་ལ་སོགས་པ་དཔེ་མི་སྲིད་པའི་རྒྱ་ཆེན་པོ་རེད། ཡིན་ཡང་བྱེ་བྲག་རང་གི་རྒྱུད་དུ་ལྟ་བའི་ཉམས་ལེན་ལ་ཚུར་སྦྱར་ནས་ཧྲིལ་གྱིས་སྒྲིལ་དུས་སྐས་ཀྱི་གདང་བུ་ལ་འཛེག་པ་བཞིན་དུ་ཆུང་ས་ནས་ཉམས་ལེན་བྱེད་ནས་རིམ་པ་བཞིན་དུ་ཡར་རྒྱས་གཏོང་ནས་ཇེ་ཆེར་ཇེ་ཆེར་གཏོང་ན་མ་གཏོགས། ཁ་ཡིས་དང་པོར་ཆེན་པོ་ཞིག་བཤད་ཀྱང་འདྲ་མ་བཤད་ཀྱང་འདྲ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པ་ལྟ་བུའི་སྤྱི་ཁྱབ་དང་སྤོམ་ཡོར་འདྲ་བོ་ཞིག་གི་གོ་བ་འདྲ་ཡིན་ན་མ་གཏོགས་དམིགས་སུ་བཀར་ནས་སྙིང་རྗེའི་ཚོར་བ་རྣོན་པོ་ཞིག་སྐྱེ་དགོས་ཀྱི་ཡོད་ན་སྙིང་རྗེ་དང་བླམས་པ་བློ་སྦྱང་བའི་སྐབས་ཀྱི་ཁྲིད་ཡིག་དེ་བོའི་ནང་དུ། དང་པོར་བརྩེ་བའི་མ་ལ་སྒོམ། དེ་ནས་ཕ་ལ་སྒོམ་པ་ལྟ་བུའི་ཆུང་ས་ཞིག་ནས་ཉམས་ལེན་གྱི་གོམ་པ་སྤོས་ན་ངས་བསམ་ན་ཉམ་ལེན་གྱི་རིམ་པ་དང་མཐུན་པ་ཡག་ཤོས་དེ་རེད་དྲན་གྱི་ཡོད་རེད། བོད་རྒྱུད་ནང་ཆོས་ཡོངས་སུ་རྫོགས་པ་ཟེར་ཡོང་དུས་བོད་སྤྱི་ཡོངས་གཅིག་པུར་ངོས་བཟུང་ན་གོ་བ་ཆུང་ཆུང་ཞིག་རེད། བོད་རྒྱུད་ནང་བསྟན་དེ་འཛམ་གླིང་གོ་ལ་ཧྲིལ་པོར་ཁྱབས་བསྡད་ཡོད་རེད། ཧ་ཅང་རྒྱ་ཆེན་པོ་རེད། དེས་ན་ལས་དང་པོ་པས་ཆུང་ས་ཞིག་ནས་འགོ་བརྩམ་དགོས་རེད། དཔེར་ན་སོ་སོའི་དགོན་པ་ལྟ་བུ་ཞིག་ཏུ་མཚོན་ན་ཁ་ཤས་ལ་ཤག་པོ་དང་ཉེ་དུ་ལྟ་བུ་ཡོད་སྲིད་རྒྱུ་རེད། དེའི་ནང་ལ་དགྲ་གཉེན་བར་ཆགས་སྡང་མེད་པར་སེམས་སྙོམ་པོར་གནང་ནས་རང་གི་དགོན་པར་རིས་མེད་གནང་ནས་དགོས། དེ་ནས་རང་གི་དགོན་པ་དང་གཞན་གྱི་དགོན་པའི་བར་རིས་མེད་གནང་། དེ་ལ་བློ་ཏོག་ཙམ་ཞུགས་ན་རིམ་བཞིན་དུ་དམིགས་ཡུལ་ཇེ་ཆེར་གཏོང་ནས་ནས་བོད་རྒྱུད་ནང་ཆོས་ཡོངས་རྫོགས་ལ་བློ་འཇུག་ན་སྟབས་བདེ་པོ་ཞིག་ཡོད་རྒྱུ་རེད། དེ་ནི་ང་རང་གིས་དྲན་ཚུལ་ཡིན། གང་ལྟར་སྐབས་ཐོབ་ཀྱི་ཆོས་ལུགས་རིས་མེད་དེ་བོད་རྒྱུད་ནང་བསྟན་རིས་མེད་ལ་གཞི་བཟུང་དགོས་པ་མ་གཏོགས། ང་ཚོའི་ཆོས་རྒྱུད་ཀྱི་ཁྱབ་ཁོངས་ནང་འཛམ་གླིང་གི་ཆོས་ལུགས་ཡོངས་རྫོགས་ལ་རིས་མེད་ནང་ལ་བཟུང་བའི་གོམ་གཤིས་དེ་ཡོད་མ་རེད། ང་ཚོ་བོད་ཀྱི་ནང་དུ་རིས་མེད་གནང་མཁན་སུ་རེད་ཟེར་ན། སྔོན་གྱི་དུས་སུ་སྐྱེས་བུ་དམ་པ་མང་པོ་བྱུང་ཡོད་རེད། དེ་ཡང་སྔ་འགྱུར་གྱི་ཕྱོགས་ནས་ཟུར་ཆེན་ཤཱཀྱ་འབྱུང་གནས་ལྟ་བུ་འབྲོག་མའི་ལོ་རྩཱ་བ་ཤཱཀྱ་ཡེ་ཤེས་ཀྱི་སློབ་མ་བྱས་ཤིང་རིས་སུ་མ་ཆད་པའི་མཁས་པ་ལ་དད་པ་བྱས། དག་སྣང་བྱས། དེ་དག་གི་གསུང་ལ་ཉམས་ལེན་བྱས། ས་སྐྱ་གོང་མ་ལྔ་ལྟ་བུ་མཚོན་པ་འདྲ་ཡིན་ན་གོང་མ་ལྔ་བཞུགས་པའི་དུས་སྐབས་ཀྱི་ནང་པའི་ཆོས་ལུགས་ཡོངས་རྫོགས་ལ་ཐོས་པ་དང་མཁས་པ་བྱས་ཤིང་། དེའང་སྡོམ་གསུམ་རབ་དབྱེ་ལས། ཞི་བྱེད་རྫོགས་ཆེན་གཅོད་ལ་སོགས། །གདམས་ངག་ཇི་སྙེད་ཕལ་ཆེར་ཐོས། ཞེས་ཐོས་པ་དེ་དག་ཀྱང་མིང་རྐྱང་བཏགས་ཡོད་ཙམ་དུ་མ་བཞག་གོ་ཞེས་གསུངས་ཤིང་། སྐབས་དེར་བོད་གངས་ཅན་ལྗོངས་ཀྱི་བཀའ་བསྟན་ཡོད་དོ་ལྕོག་ཁོང་གིས་ཐོས་བསམ་བྱས་ཤིང་། དེ་དག་ལ་བསམ་བློ་གཏོང་ཡོང་དུས་རིས་མེད་གནང་མཁན་རྩ་བ་ལྟ་བུ་རེད་བསྡད་ཡོད་རེད། དགེ་ལྡན་ནང་ལ་བསམ་ན་པཎ་ཆེན་བློ་བཟང་ཆོས་རྒྱན་དང་། རྒྱལ་དབང་ལྔ་པའི་རྣམ་ཐར་མཇལ་ན་རིས་མེད་ལ་ཕན་ཅི་ཙམ་ཐོག་ཡོད་གསལ་པོ་རེད། དེ་བཞིན་དུ་འགྲོ་མགོན་བཀའ་བརྒྱུད་པའི་ནང་ལ་བསམ་བློ་ཞིག་གཏོང་བ་ཡིན་ན་ནི། ཧ་ཅང་གི་སྐྱེས་བུ་དམ་པ་རྗེ་བཙུན་མི་ལ་རས་པ་རེད། མཉམ་མེད་དག་པོ་ལྷ་རྗེ། ཀརྨ་པ་རང་བྱུང་རྡོ་རྗེ་ནས་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དེ་ཚོའི་རྣམ་ཐར་མཇལ་ན་ཆོས་ལུགས་རིས་མེད་གནང་མཁན་ཤ་སྟག་ལྟ་བུ་ཆགས་བསྡད་ཡོད་རེད། དེ་ཚོ་ནི་དཔེ་མཚོན་ཙམ་ཞུས་པ་ལས་ད་དུང་མང་པོ་ཡོད་རྒྱུ་རེད། དཔེར་ན་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལྟ་བུ་མང་པོ་བྱོན་ཡོད་རེད་པཱ། དེའི་ན་ནས་དུས་རབས་༡༨ ནང་འཇམ་མགོན་མཁྱེན་བརྩེ་དབང་པོ་དང་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་གཉིས་ཀྱིས་ཧ་ཅང་རིས་ཀྱི་སྲོལ་དེ་ལ་བསམ་བློ་གཏོང་ཕྱོགས་སོགས་ད་ལྟའི་སྐད་དུ་ཞུས་ན་བྱས་རྗེས་ཆེན་པོ་བཞག་ཡོད་རེད། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་དེ་ཚོའི་ནང་དུ། ཁོང་གི་སྐུ་ཚེ་་ཧྲིལ་པོར། གཡུང་དྲུང་བོན་ལུགས་ཚུན་ཆད་ལ། །གུས་ཤིང་འདུད་པ་མ་གཏོགས་པར། །ལོག་རྟོགས་ཅུང་ཟད་མེད་པའི་མཐུས། གསུངས་པ་ལྟ་བུར་བོན་ལུགས་ཚུན་ཆད་ལ་གུས་ཤིང་འདུད་པ་མ་གཏོགས་ཞེ་སྡང་གི་ཡུལ་དང་ཕྲག་དོག་ཡུལ་གཏན་ནས་བཟུང་མ་མྱོངས་པ་རེད། དེ་འདྲ་ཡིན་དུས་མདོ་ཧྲིལ་གྱིས་བསྒྲིལ་བཞག་ལེ་ཡིན་ན་སྔོན་བྱོན་དམ་པ་དེ་ཚོས་གནང་སྟངས་དང་ད་ལྟ་ང་ཚོའི་འགྲོ་ཕྱོགས་ནི་ཆོས་ལུགས་རིས་མེད་ཟེར་བའི་གོ་དོན་དེ་བོད་རྒྱུད་ནང་ཆོས་ཕྱོགས་ཐམས་ཅད་ལ་དད་པ་དང་གུས་གཏོགས་ཕྲག་དོག་ཞེ་སྡང་གི་ཡུལ་དུ་མི་བཟུང་བ་དེ་ཆོས་ལུགས་རིས་མེད་ཟེར་ན་དེ་ལ་གོ་རྒྱུ་རེད་བསམ་པ་ང་རང་གི་དྲན་གྱི་འདུག དེ་ཞུ་འདོད་བྱུང་།
རིས་མེད་གནང་བའི་དགོས་པ་དང་དགེ་མཚན།
རིས་མེད་གནང་ན་དགོས་པ་རྒྱུ་མཚན་ཅི་ཡོད་ཅེ་ན། ང་རང་གིས་གོ་བ་རགས་ཕྱོགས་དབང་དུ་བྱས་པ་ཡིན་ན། དགོས་གལ་ཆེ་བ་དེ་མཐུན་སྒྲིལ་དེ་རེད། མཐུན་སྒྲིལ་གྱི་རྩ་བ་ཆོས་ལུགས་རིས་མེད་གནང་རྒྱུ་དེ་རེད། སྤྱིར་བཏང་མངོན་པ་མཛོད་ཀྱི་ནང་དུ་ཁྱིམ་པ་རྣམས་ནི་འཚོ་བའི་དོན་དུ་རྩོད། རབ་ཏུ་བྱུང་བ་རྣམས་ནི་འདུ་ཤེས་ཀྱི་དོན་དུ་རྩོད། གསུངས་པ་ལྟར་རེད་དེ། རིས་མེད་གནང་ཐུབ་ན་བརྒྱ་ཆ་དགུ་བཅུ་ཐམས་པ་ཙམ་མཐུན་སྒྲིལ་གྱི་ལངས་ཕྱོགས་ལ་སྤྱོད་ཐུབ་ཀྱི་རེད་དྲན་གྱི་འདུག དཔེར་ན་ས་རྩོད་དང་ཆུ་རྩོད་སོགས་རྩོད་རྙོགས་མང་པོ་ཡོད་རེད་དེ་དགོན་པ་ཁག་མཐུན་སྒྲིལ་ཡག་པོ་བྱེད་ནས་སྡེ་ལ་འཆམ་མཐུན་བྱེད་བཅུག་ན་རྩོད་རྙོགས་ཞི་འགྲོ་རེད།
ཕྱོགས་རིས་ཅན་གྱི་རང་གཤིས་སམ་སྐྱོན་ཆ།
ཆོས་ལུགས་རིས་མེད་མི་འདོད་མཁན་ཕྱོགས་རིས་ཆགས་སྡང་ཅན་ཞིག་ཡོད་ན་མི་དེའི་རྒྱུ་དག་ཧ་ཅང་སྡུག་པོ་རེད་བསྡད་ཡོད་རེད། མི་དེ་ཆོས་ལུགས་གཉིས་ཀྱི་བར་དུ་ཐུག་ན་ཕྱོགས་གཉིས་ཀྱི་བར་ཕྱོགས་བྱེད་ནས་རྩོད་པ་ལྷོང་གི་རེད། ཆོས་ལུགས་ནང་ཕན་ཚུན་ཐུག་ན་མི་དེས་ཡང་ནང་ཕན་ཚུན་དཀྲུག་གི་རེད། མི་དེ་གྲོང་པའི་ནང་བསྡད་ན་གྲོང་པ་དཀྲུག་གི་རེད། དགེ་འདུན་ཆོས་འཕེལ་གྱིས། སྤྱང་ཀི་ཤ་ཟན་རི་བོང་ཙཱ་ཟན་གཉིས། །དེའི་དོན་དུ་གྲོས་ཁ་བསྡུར་བ་ལས། རེ་ཞིག་རང་རང་མཐུན་པའི་འཁོར་ནང་དུ། །རང་རང་སོ་སོའི་འཁོར་དུ་གཤམ་ན་ལེགས། ཞེས་གསུངས་པ་བཞིན་ཕྱོགས་རིས་ཅན་ལའང་ཕྱོགས་རིས་ཅན་འགྲོ་སའི་ལམ་ཞིག་དང་འཁོར་ཞིག་ཡོད་རེད། ཕྱོགས་རིས་གྱི་འཁོར་དེའི་ནང་དུ་ཕྱོགས་རིས་བཤད་ཀྱང་ཕྱོགས་རིས་སྡུག་པོ་ཡིན་པ་ཚོར་གྱི་མ་རེད། ཕྱོགས་རིས་དེ་ངན་ཡིན་པ་མི་རང་གིས་མི་ཚོར་བ་མ་ཟད་གཞན་ལའང་ངོམས་བཞིན་ཡོད་རེད། ད་དུང་དེ་ལ་ཁ་ཕོ་རུས་འདྲ་ཟེར་གྱི་ཡོད་རེད།