གྲུབ་མཐའ་རིས་མེད་པ་ཏཱ་ར་ནཱ་ཐའི་རང་བཞིན་ཅུང་ཟད་བརྗོད་པ།
ཐེངས། 5597 བཀླགས་འདུག
ཐུབ་པའི་ཆོས་འཁོར་གསུམ་གྱི་བདུད་རྩིའི་འཕྲིན།། མཆོག་དམན་མི་བྱེད་རྣམ་གྲོལ་སྒྲོན་མེ་རུ།།
མཐོང་བས་ལྗོངས་འདིའི་རྒྱལ་སྲས་འཕྲེང་བ་ལ།། ལག་པད་སྙིང་གར་ཟུམ་སྟེ་ལན་བརྒྱར་འདུད།།
ཕྱོགས་ལྷུང་རྒན་པོའི་རལ་གྲིས་མ་བཏབ་ཅིང་།། རིས་མེད་གྲུབ་མཐའི་ལང་ཚོའི་མེ་ཏོག་འདི།།
རིང་ནས་རེ་བའི་སྒུག་པའི་མགྲོན་པོ་དེ།། དེ་རིང་མཇལ་འདི་དགའ་བ་སྟོང་གི་ཕུལ།།
དེ་ཡང་རིས་མེད་སྐྱེས་བུ་དམ་པའི་ཚུལ་གླེང་བ་ལ།དེ་ཡང་རིས་མེད་པ་ཞེས་པ་ནི།རང་གི་གྲུབ་མཐའ་མཆོག་ཏུ་བཟུང་སྟེ་གཞན་གྱི་གྲུབ་མཐའ་ལ་སྡང་ཞེན་མི་བྱེད་པ་ཞིག་སྟེ།གདུལ་བྱའི་ཁམས་དབང་མོས་པ་བཞིན་རྒྱལ་བའི་གསུངས་རབ་གང་ཉམས་སུ་བླངས་ན་འབྲས་བུ་རྣམ་གྲོལ་ལ་མི་བསླུ་བར་གཟིགས་པའི་སྐྱེས་བུ་དམ་པ་ཞིག་ལ་བྱའོ།།ད་དུང་མཉམ་མེད་ཇོ་བོ་ཆེན་པོའི་དགོངས་པ་ལྟར་རྒྱལ་བའི་བཀའ་ལ་མཆོག་དམན་མི་བྱེད་པར་བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་།རྒྱལ་བའི་བཀའ་ལས་ཡིག་འབྲུ་སྣ་གཅིག་ཀྱང་མ་ལུས་པར་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཡང་དག་པར་འཆར་ན་གྲུབ་མཐའ་རིས་མེད་པ་ཡང་ངང་གིས་གྲུབ་པོ།།དེ་ཡང་ལྗོངས་འདིར་རིས་མེད་པའི་སྐྱེས་བུ་དམ་པ་མང་དུ་བྱོན་པ་ལས།ཁོ་བོས་འཇམ་མགོན་བླ་མ་ཏཱ་ར་ནཱ་ཐ་རིས་མེད་པ་ཡིན་པ་ཅུང་ཟད་གླེང་བ་འདོད་དོ།།དེ་ཡང་འཇམ་མགོན་བླ་མ་ཏཱ་ར་ནཱ་ཐ་མཆོག་གི་སྐུ་གསུངས་ཐུགས་ཀྱི་མཛད་པ་གང་ལ་དཔྱད་ན་རིས་མེད་པ་ཡིན་པར་གྲུབ་སྟེ།དེ་ཡང་སྐྱེ་བ་བཞེས་ཚུལ་གྱི་སྒོ་ནས་རིས་མེད་པ་གྲུབ་སྟེ།རྙིང་མའི་གྲུབ་མཐའ་ལ་རོང་ཟོམ་ཆོས་བཟང་དང་འབྲུག་སྒྲ་རྒྱལ་མཚན་སོགས་ཀྱི་སྐྱེ་བ་བཞེས་ཏེ་སྔ་འགྱུར་རྙིང་མའི་བསྟན་པ་ལ་བྱ་བ་མཛད་པ་དང་།བཀའ་བརྒྱུད་པའི་གྲུབ་མཐའ་ཨ་ཝ་དྷུ་ཏཱི་སྟེ་འོད་ཟེར་དཔལ་དང་སངས་རྒྱས་རས་ཆེན་སོགས་བཀའ་བརྒྱུད་པའི་ཆོས་རྒྱུད་དུ་འཁྲུངས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་པོརམཛད་པ་དང་།འཇམ་དབྱངས་ཆོས་རྗེ་དང་ཧལ་ཧ་རྗེ་བཙུན་དམ་པའི་སྐྱེ་བ་བཞེས་ཏེ་རི་བོ་དགེ་ལུགས་པའི་མཁས་མང་གི་གཙུག་རྒྱན་དུ་བཞུགས་པ་དང་།རབ་བྱུང་དགེ་ཚུལ་བསྒྲུབ་ཚུལ་གྱི་སྒོ་ནས་ཀྱང་རིས་མེད་པ་གནང་སྟེ།རབ་བྱུང་བཅུ་བའི་ཆུ་རྟ་ལོའི་ཁྲིམས་སྟོད་ཟླ་བའི་ཚེས་ལྔ་ལ་དཔལ་སྟག་ལུང་བ་བཀྲ་ཤིས་རྒྱལ་མཚན་གྱི་ཞལ་སྔ་ནས་མཁན་པོ་དང་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོས་སློབ་དཔོན་དང་ཀུན་དགའ་དཔལ་བཟང་བོས་དུས་གོ་བ་དང་།ཆོས་རྗེ་མཆོད་གནས་པས་གྲོགས་དན་མཆིས་ཏེ་ཡོངས་རྫོགས་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་བོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་བོ་ཞེས་གསོལ་ཡིན་ཞིང་ཆོས་བརྒྱུད་གཞན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཚུལ་འདིས་ཀྱང་རིས་མེད་པ་མཚོན་པ་ཡིན་ནོ།།གཞན་ཆོས་རྒྱུན་གསན་ཚུལ་གྱི་སྒོ་ནས་ཀྱང་རིས་མེད་པ་ཡིན་པ་གྲུབ་སྟེ།ཆོས་རྗེ་བྲག་སྟོད་པ་ལྷ་དབང་གྲགས་པའི་དྲུང་དུ།ཆོས་དྲུག་དང་ཕྱག་ཆེན་སོགས་ཟབ་ཆོས་མང་དུ་གསན་པས་ནང་ཟབ་ལམ་གྱི་རྟོགས་པ་མངོན་དུ་གྱུར།ཁོང་གི་ཞལ་ནས་ཀྱང་སྐྲ་སྤར་བ་གང་ནི་སྟག་ལུང་བ་ཕུལ།སེམས་ངོ་ནི་ལྷ་དབང་གྲགས་པས་སྤྲད།ཞེས་སོགས་གསུངས་པ་དང་།གྲུབ་མཐའི་ཆགས་སྡང་རིང་དུ་དོར་ཏེ་བསྟན་པ་རིས་མེད་གཅེས་སྤྲས་སུ་མཛད་པ་ད་དུང་ཆོས་རྒྱུན་གསན་ཚུལ་ལས་ར་སྤྲོད་བྱུང་སྟེ།མཁན་ཆེན་ལུང་རིགས་རྒྱ་མཚོའི་དྲུང་དུ།དཔལ་ལྡན་ཇོ་ནང་བའི་ལུགས་ཀྱི་སྦྱོར་དྲུག་གི་ཁྲིད་གསན་པ་མ་ཟད།བུ་ལུགས་ཀྱི་སྦྱོར་དྲུག་གི་ཁྲིད་ཀྱང་རྫོགས་པ་གསན་པ་དང་།གཞན་ཡང་ཇོ་ཞལ་གྱི་བླ་མ་མང་བོའི་ཁྲིད་སོགས་རིས་མེད་ཀྱི་བླ་མ་མང་བོའི་མདུན་ནས་ཆོས་རྒྱུན་མང་བོ་གསན་པ་དང་།གཞན་མཁས་གྲུབ་སངས་རྒྱས་ཡེ་ཤེས་དང་རྡོ་རྗེ་འཛིན་པ་ཡེ་ཤེས་དབང་བོ་སོགས་ལས་ས་སྐྱ་དང་ཇོ་ནང་ཤངས་པ་བཀའ་བརྒྱུད་ཞ་ལུ་དང་འབྲུག་པ་བཀའ་བརྒྱུད་དང་ཀརྨ་ཀཾ་ཚང་དང་སྟག་ལུང་སོགས་ཀྱི་ཆོས་བསྐོར་བཅས་རྒྱུད་སྡེ་བཞིའི་དབང་ཁྲིད་མན་ངག་མཐའ་ཡས་པ་གསན།འཇམ་དབྱངས་ཀུན་དགའ་རྒྱལ་མཚན་སོགས་རིས་མེད་ཀྱི་བླ་མ་མང་བོ་ལས་ཞང་ཚལ་བའི་ཆོས་སྐོར་དང་ཡང་དགོན་པའི་བཀའ་འབུམ།དྭགས་པོ་ལྷ་རྗེའི་བཀའ་འབུམ་རི་ཆོས་མ་དྲུག་གི་ཁྲིད།མཻ་ཏྲི་བཅུ་གསུམ་མའི་དབང་།སངས་རྒྱས་ཐོད་པའི་དབང་ཨོ་རྒྱན་བསྙེན་བསྒྲུབ་སྐོར་གྱི་ཆོས་ལུང་ཡོངས་རྫོགས།སྒྲ་བསྒྱུར་མལ་བ་ནས་བརྒྱུད་པའི་བཀའ་བབས་དགྱེས་རྡོར་ཡབ་ཡུམ་དང་།གུར་རིག་བསྡུས་པ།གདན་བཞི་ཡབ་ཡུམ།མ་ཧཱ་མ་ཡ་སྟེ་དྲུག་སོགས་ཆོས་རྒྱུན་མཐའ་ཡས་གསན་པ་འདིས་ཀྱང་གྲུབ་མཐའ་རིས་མེད་པ་ཡིན་པ་མཚོན་ཏེ།རང་ལུགས་དང་གཞན་ལུགས་ཆོས་རྒྱུན་གཙང་མི་གཙང་གི་འཆང་རྒྱ་ལས་གྲོལ་ཏེ་རིས་མེད་པ་ཞིག་ལྷང་ངེ་མངོན་པ་ཞིག་གོ།ད་དུང་རིས་མེད་ཀྱི་ཆོས་རྒྱུན་གསན་ཚུལ་མཐའ་ཡས་ཀྱང་འདིར་མི་སྤྲོ།
འདིར་སྨྲས་པ།
ཁ་ཅིག་སྔ་འགྱུར་རྙིང་མའི་ཟློས་གར་བསྒྱུར།།ལ་ལར་བཀའ་དགེའི་མཁས་གྲུབ་གཙུག་གི་རྒྱན།།
རིས་མེད་པ་ཡི་ཉི་ཟླའི་སྒྲོན་མེ་ཡང་།།ཕྱོགས་འཛིན་འབྱུང་བྱའི་ཚོགས་ལ་ཅ་ཅོ་མང་།།
བློ་གྲོས་ཤིན་ཏུ་ཆུང་བའི་ཁྲོན་པའི་མཚོར།།ལོག་རྟོག་རུས་སྦལ་རྒན་པོ་ཅི་ཆ་ཡང་།།
འཁོར་བའི་དུག་མཚོ་མ་བསྐམ་དེ་སྲིད་དུ།།རིས་མེད་རྣམ་པར་འཕྲུལ་ལ་སུ་ཞིག་ཚོམ།།
ད་ལྟ་ཇོ་ནང་གྲུབ་མཐའི་འོ་མའི་མཚོར།།ཏཱ་ར་ནཱ་ཐའི་མེ་ཏོག་བཞད་པ་འདིས།།
རིས་སུ་གཅོད་ན་མཁྲིས་ནད་ཅན་གྱིས་ཀྱང་།།དུང་དཀར་སེར་བོར་མཐོང་བར་འཁྲུལ་སྲིད་དམ།།
རྒྱལ་བསྟན་འགལ་མེད་རྟོགས་པའི་མཁས་དབང་གིས།།རིས་མེད་ཆོས་རྒྱུན་གསན་པའི་ངང་ཚུལ་ལ།།
གཟིགས་དང་ཆགས་སྡང་བཅོས་དཀའི་ཟུག་རྔུ་ལ།།སྟོང་ཐུན་སྨན་གྱི་སྡེབ་སྦྱོར་འདི་ལས་གང་།།
ཞེས་ཀྱང་སྨྲའོ།།རྨི་ལམ་གྱི་གསལ་ཉམས་གྱི་དབང་དུ་བཏང་ན་ཡང་རིས་མེད་ཀྱི་རང་མདངས་ཤིག་གསལ་ཏེ།སློབ་དཔོན་པདྨ་དང་དྭགས་པོ་རྙི་བ་རིན་བ་རིན་པོ་སོགས་ཀྱི་གསལ་ཉམས་རྨི་ལམ་དུ་ཤར་བ་དང་།ཆོས་འཆད་ཚུལ་གྱི་སྒོ་ནས་ཀྱང་རིས་མེད་པ་ཡིན་པར་གྲུབ་སྟེ།དགུང་གྲངས་ཉེར་དྲུག་གི་་སྟེང་དུ་རྭ་སྒྲེང་དུ་བྱོན་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་མང་བོའི་ངོར།རྗེ་ཙོང་ཁ་བའི་བཞུགས་ཁྲིའི་སྟེང་དུ་བཞུགས་ཏེ་བྱང་ཆུབ་ལམ་གྱི་རིམ་པ་གསུངས་པ་དང་།ཕྱག་ལས་གནང་ཚུལ་གྱི་སྒོ་ནས་ཀྱང་རིས་མེད་པ་ཡིན་པར་གྲུབ་སྟེ།ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་རྟེན་འབྲེལ་མི་བསླུ་བའི་རང་བཞིན་དུ་གཟིགས་ཏེ།སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དབུ་འཕང་མཐོ་བའི་རྟེན་འབྲེལ་དུ་དགུང་ལོ་སོ་དགུའི་སྟེང་དུ་དཔལ་གྱི་ཆོས་འཁོར་ལྷ་སར་བྱོན་ཏེ་དར་ཆེན་མང་བོ་བསླངས་པ་དང་།དེར་རྟེན་ཐུགས་སྨོན་རླབས་ཆེན་མཛད་པ་དང་།གཞན་སོག་དམག་དང་གཙང་སྡེ་སྲིད་གཉིས་ཀྱིས་མི་ཤི་རྟ་འགྱེལ་སོགས་ཁྲག་སྦྱོར་གྱི་གཡུལ་འགྱེད་ལ་སྲུང་འཁོར་དང་སྐུ་རིམ་གནང་གནང་ཚེ་ཁོ་བོ་ནི་རྗེ་ཙོང་ཁ་ཆེན་པོར་ལྷག་ཏུ་དད་པ་དང་ཁྱད་པར་དུ་ཆོས་སྡེ་ཆེན་པོ་འབྲས་སྤུངས་ལ་ཉེ་སེམས་ཀྱི་བག་ཆགས་ཤིན་ཏུ་ཆེ་བ་ཡོད་པས་ཆོས་སྡེ་ཆེན་པོ་དར་ཞིང་རྒྱས་པ་དང་འཇམ་པའི་སྒོ་ནས་ཞི་བའི་སྨོན་ལམ་བཏབ་ཚུལ་རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད་གསལ་བ་འདིས་ཀྱང་སྐུ་ཚེ་འདིར་ཇོ་ནང་ཆོས་བརྒྱུད་དུ་སྐྱེ་བ་ཙམ་ལས་རིས་མེད་པ་ཡིན་པ་གསལ་བོར་བསྟན་པ་དང་།དབང་ཆོག་བསྒྲིགས་ཚུལ་གྱི་སྒོ་ནས་རིས་མེད་པ་གསལ་ཏེ།རིན་འབྱུང་བརྒྱ་རྩ་སོགས་ད་ལྟ་རིས་མེད་ཀྱི་གྲུབ་མཐའི་ཁྲོད་དུ་འཕྲིན་ལས་རྒྱས་བཞིན་པའོ།།བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་མཆོག་དམན་མི་བྱེད་པར་ཐུགས་གཉེར་དང་དེའི་རྒྱུད་འཛིན་མཛད་པའི་མཁས་གྲུབ་རྣམས་ལ་དད་གུས་གནང་བ་དང་རྒྱལ་བའི་གསུངས་རབ་ལ་ཐོས་བསམ་རྒྱ་ཆེར་མཛད་པའི་ཚུལ་ལས་ཀྱང་རིས་མེད་པ་ཡིན་པར་ཤིན་ཏུ་གྲུབ་སྟེ།ཁོང་གི་རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད་ལས།དེ་བཞིན་གཤེགས་པས་གསུངས།མཁས་གྲུབ་རྣམས་ཀྱིས་སྒོམ་ཞིང་བཤད།ད་ལྟའི་བར་དུ་བཀའ་རྒྱུན་མ་ཆད་པར་བཞུགས་པའི་ཆོས་རྣམས་ཞུ་བ་དང་ཉན་པ་དང་གཞན་ལ་འདྲི་བ་དང་ཐེ་ཚོམ་གཅོད་པར་རྣམས་ཀྱང་བྱས།དེ་ཡང་ཚིག་དོན་མ་ནོར་ཞིང་རྒྱུན་མ་ཆད་པ་ཞིག་དགོས་པ་ཤེས་ནས།ཟབ་ཅིང་རྒྱ་ཆེ་བ་ལ་སྐྲག་ཅིང་ཞུམ་པར་མ་བྱས།ཉུང་ཞིང་གསལ་བ་བརྙས་ཤིང་ཁྱད་དུ་མ་བྱས་པར་ནན་ཏན་དུ་བསླབས་ཏེ་གཞན་ལ་སྟོན་པར་བྱེད་པ་ནི་ཁོ་བོའི་རྣམ་ཐར་དང་བོ་ཡིན།ཞེས་སངས་རྒྱས་ཀྱི་གསུངས་རྩིས་མཐོང་དང་མཁས་གྲུབ་རྣམས་ལ་མཆོག་ཏུ་གུས་པའི་ཉམས་ལས་གྲུབ་མཐའི་ཆགས་སྡང་ཡེ་མ་མཛད་པ་འདིས་ཀྱང་རིས་མེད་པ་ཡིན་པར་གསལ་བ་དང་།གཞན་ཡང་བོད་དུ་བྱོན་པའི་ལོ་པཎ་རྣམས་དང་སྐྱེས་མཆོག་ཐམས་ཅད་དང་དེ་དག་གི་རྗེས་སུ་འབྲིང་བའི་སྔོན་བྱོན་མང་བོ་དང་བར་སྐབས་སུ་བྱོན་པའི་མཁས་གྲུབ་ཆེན་པོ་རྣམས་ལ་ཆགས་སྡང་གི་བློ་སྤངས་ཏེ་མཆོག་ཏུ་བཀུར་བས་ཀྱང་རིས་མེད་པ་ཡིན་པར་གྲུབ་སྟེ།མ་བཅོས་ལྷུག་པའི་རྟོགས་བརྗོད་ལས།བོད་དུ་བྱོན་པའི་ལོ་པཎ་སྤྲུལ་བའི་སྐྱེས་མཆོག་རྣམས་དང་དེ་དག་གི་རྗེས་སུ་འབྲིང་བའི་སྔོན་བྱོན་མང་བོ་དང་བར་སྐབས་སུ་བྱོན་པའི་མཁས་གྲུབ་ཆེན་པོ་དམ་པའི་སྤྱོད་པ་ཅན་དུ་མ་བྱོན་པ་རྣམས་ལ་ཕྱོགས་དང་རིས་སུ་བཅད་པའི་ཆགས་སྡང་གི་བློ་སྤངས་ཏེ་ཞེས་པ་ནས་རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་ཀྱི་མན་ངག་དང་བཤད་སྒྲོས་དང་ཐུགས་ཀྱི་གསང་བ་ཕལ་ཆེར་བྱང་ཆུབ་ཅིང་།བསྐྱེད་རྫོགས་ཀྱི་ཆོ་ག་འཕྲིན་ལས་ཀྱི་ལག་ལེན་ཁྲིགས་བཀོད་ཐམས་ཅད་ཀྱང་བློ་ལ་མ་འཛིངས་པར་འཆར་ནུས་པ་དང་།བྱིན་བརླབས་དང་ཉམས་ལེན་ཅུང་ཟད་ཤར་བ་འདི་ཡང་ཁོ་བོའི་རྣམ་པར་ཐར་བ་གསུམ་པ་ཡིན།ཞེས་ཁོང་གི་མཛད་རྣམ་ལ་སྲེག་བཅད་བརྡར་བའི་གསེར་བཞིན་དུ་གང་ལ་བརྟག་ན་ཕྱོགས་ལྷུང་གི་རྒྱ་ལས་རྣམ་པར་གྲོལ་བ་ཡིན་པར་ཤིན་ཏུ་གསལ་བ་དང་།ཡང་སྐྱེས་བུ་དམ་པ་རིས་མེད་ཀྱི་རྣམ་ཐར་ལ་མིག་ནས་མཆི་མ་འཁྲིགས་ཤིང་ལུས་ཀྱི་བ་སྤུ་གཡོ་བས་ཀྱང་རིས་མེད་པ་ཡིན་པར་ཤིན་ཏུ་གྲུབ་པ་སྟེ།རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད་ལས།སྐྱེས་བུ་དམ་པ་ཀུན་ལ་རྐྱེན་གྱིས་གཞིག་ཏུ་མེད་པས་དད་པ་མི་ཕྱེད་པ་ཐོབ་པས་དམ་པ་མཆོག་རྣམས་ཀྱི་རྣམ་པར་ཐར་བའམ་དེའི་དཔེ་རིས་མཐོང་བ་ཙམ་གྱིས་ཀྱང་བ་སྤུ་ལྡང་བ་དང་མཆི་མ་འཁྲུགས་པའི་དད་པ་སྐྱེ་བ་སྟེ།ཆོས་དང་གང་ཟག་ལ་དད་པ་ཕུན་སུམ་ཚོགས་པ་སྐྱེ་བ་འདི་ཡང་ཁོ་བོའི་རྣམ་ཐར་བཞི་བ་ཡིན།ཞེས་གསུངས་པ་འདིས་ཀྱང་རིས་མེད་གསེར་གྱི་མེ་ཏོག་གི་རང་མདངས་ཤིག་ཏུ་གྲུབ་པའོ།།ཡང་ཕྱོགས་རིས་ཅན་འགའ་ལ་ཐུགས་སྐྱོ་བའི་རྣམ་པ་གནང་བས་ཀྱང་རིས་མེད་པ་ཡིན་པར་གྲུབ་སྟེ།ཡང་རང་རྣམ་ལས།མཁས་པ་ཁ་ཅིག་སངས་རྒྱས་ཀྱི་བསྟན་པའམ་སྐྱེས་བུ་དམ་པ་འགའ་ལ་ཕྱོགས་འཛིན་གྱི་བསྟོད་བསྔགས་ཙམ་བྱེད།སངས་རྒྱས་ཀྱི་འཕྲིན་ལས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཡང་མ་ཤེས།རང་ཉིད་ཀྱི་ལྟ་བ་མཆོག་ཏུ་འཛིན།སངས་རྒྱས་པའི་གྲུབ་མཐའ་གཞན་ལ་དགྲར་བལྟ།ཞེས་པ་ནས་རྩྭའི་བུ་གར་ཉལ་བའི་སྲིན་བུ་ཕྲ་མོའི་ཁ་ཟས་ཚུན་ཆད་ཀྱང་།སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་གྱི་སྟོབས་ཡིན་པར་ཤེས་ནས།དེ་བཞིན་གཤེགས་པ་དང་དམ་པའི་ཆོས་ཀྱི་སྒོ་རྣམས་ལ་གཞན་ལས་ཁྱད་དུ་འཕགས་པར་མི་ཕྱེད་པའི་དད་པ་ཐོབ་ཀྱང་།གཞན་རྣམས་ལ་ཡང་བརྙས་སེམས་དང་ཁོང་ནས་འཁྲུགས་པའི་འདམ་རྫབ་ཏུ་མ་བྱིང་བར་འདི་ཁོ་བོའི་རྣམ་པར་ཐར་བ་དྲུག་པའོ།།ཞེས་གསུངས་པས་གྲུབ་མཐའི་ཕྱོགས་རིས་ལྟ་ཞོག་འགྲོ་བའི་རྒྱུད་ལ་བདེ་བ་ཕྲ་མོ་འབྱུང་བ་ཡང་སངས་རྒྱས་ཀྱི་འཕྲིན་ལས་ཁོ་ན་ལས་བྱུང་བ་གཟིགས་པ་འདིས་ཀྱང་རིས་མེད་རྡོ་རྗེའི་ལྷུན་པོ་བཞེངས་པ་ཡིན་ནོ།།གཞན་ཡང་མདོ་སྔགས་ཀྱི་བསྟན་བཅོས་མཛད་པ་ཕལ་ཆེར་རིས་མེད་ཀྱི་བསྟན་བཅོས་ཡིན་པར་གྲུབ་ཅིང་འདིར་འབྲིར་མི་ལང་ངོ་།།རྒྱས་པར་འདོད་ན་བཀའ་འབུམ་དུ་གཟིགས་པར་ཞུའོ།།
འདིར་སྨྲས་པ།
འཕགས་བོད་རྒྱལ་སྲས་བྱེ་བའི་ཐུགས་ཀྱི་མཁར།།ཕྱོགས་དང་རིས་ཀྱི་ཐོགས་རེག་མི་སྲིད་ཀྱང་།།
གདུལ་བྱའི་ཁམས་དབང་མོས་པའི་ཆུ་མཚོ་རུ།།སྣ་ཚོགས་འཆར་བ་དངོས་པོའི་གཤིས་སུ་གྲུབ།།
སྲིད་ཞིའི་རྒུད་པ་དོར་བའི་དམ་པ་འདིའི།།བསྟན་འགྲོའི་དོན་་དུ་སངས་རྒྱས་བྱང་སེམས་དང་།།
བྱ་དང་རི་དྭགས་སོགས་ཀྱི་ཟློས་གར་ལ།།ཕྱོགས་སུ་ལྷུང་བ་ནམ་ཡང་སྲིད་མ་ཡིན།།
བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།།སྒྲོལ་བའི་མགོན་པོ་ཁྱོད་ཀྱི་རྣམ་ཐར་ལ།།
སློབ་ཅིང་རིས་མེད་གྲུབ་མཐའི་གཞུང་ལམ་ནས།།དྲང་སྲོང་ཆེན་པོའི་བསྟན་ལ་འཇུག་པར་ཤོག།
ཅེས་པ་འདི་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་ཀུན་དགའ་བཟང་བོའི་ངོར་ཐ་སྙད་ལ་ཅུང་ཟད་ཕྱོགས་པ་གྱི་ན་བ་ཞིག་གིས་སོ།།